ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་འདུ་འཚོགས་པ་རེད། བོད་རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་པ་རྩེ་གྲ་བཅུའི་ཁྲོད་ཀྱི་པ་སངས་ཀྱིས་སྒྲོག་འགྲེལ་བྱས་ཤིང་། གྲོང་ཚོ་ཁག་གི“ཨུ་ལྷན་གཉིས”དང་། སྒྲོག་འགྲེལ་མཁན། དུད་སྦྲེལ་དཔོན། ཚོགས་ཆུང་འགོ་འཛིན། ཞིང་འབྲོག་པའི་ཏང་ཡོན་འཐུས་མི་བཅས་མི་200ལྷག་ཙམ་ཚོགས་འདུར་ཞུགས་ཡོད།
པ་སངས་ཀྱིས་ཚང་མའི་སྣེ་ཁྲིད་དེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་དམིགས་ནས། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པར་བསྐྱར་དྲན་བྱས་རྗེས། ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བཀྲ་ཤིས་སྒང་ཤང་དུ་རྩ་བ་ཚུགས་པར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་རིམ་ལྡན་པའི་སྒོ་ནས་སྒྲོག་འགྲེལ་བྱས་པ་རེད།
ཚོགས་ཞུགས་ཏང་ཡོན་ལས་བྱེད་པས་ཐེངས་འདིའི་སྒྲོག་འགྲེལ་ཚོགས་འདུའི་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཚུན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ངོས་འཛིན་གཏིང་ཟབ་བྱུང་བ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་ལག་ལེན་མཐར་ཕྱིན་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱུང་ཞེས་བཤད་པ་རེད། ཚང་མས་ཐེངས་འདིའི་སྒྲོག་འགྲེལ་ཚོགས་འདུ་དེ་གོ་སྐབས་སུ་བྱས་ནས་བདེན་འཚོལ་དངོས་སྒྲུབ་དང་དམ་པ་དོན་གཉེར་བྱས་ཏེ་བཀྲ་ཤིས་སྒང་ཤང་དུ་སྒྱུར་བཅོས་བྱ་ཐབས་ལག་ལེན་དུ་བསྟར་བའི་ནང་ཧུར་ཐག་ཞུགས་རྒྱུ་དང་། ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བཀྲ་ཤིས་སྒང་གི་ལེའུ་གསར་པ་བརྩམ་རྒྱུར་འབད་བརྩོན་བྱ་རྒྱུ་རེད།
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社