分享按钮

མཉམ་སྤྱོད་འཁྱེར་བདེའི་གསོ་རླུང་བཟོ་བའི་ ཡོ་བྱད་ལྷ་སར་སྤྱོད་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ས་མཐོར་ཡུལ་སྐོར་བྱེད་པའི་ཚ་རླབས་ཤིག་རིམ་བཞིན་འཕྱུར་བ་དང་། ཡུལ་སྐོར་བྱེད་རིང་ས་མཐོའི་ཡུལ་སྐོར་བ་མང་ཆེ་བས་བདེ་འཇགས་ངང་གསོ་རླུང་རྔུབ་པའི་དགོས་མཁོ་ཆེ་རུ་ཕྱིན་ཡོད། ནུས་ཆེ་དང་། ནུས་རྒྱུ་གྲོན་ཆུང་། མཉམ་སྤྱོད་བཅས་ཀྱི་གསོ་རླུང་སྤྱོད་སྟངས་དེ་ཐོན་ཁུངས་ཆུད་ཟོས་སུ་མི་གཏོང་བ་དང་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཉེ་ཆར། པེ་དབྱི་ཁང་མཉམ་སྤྱོད་འཁྱེར་བདེའི་གསོ་རླུང་བཟོ་བའི་ཡོ་བྱད་རྣམ་གྲངས་ཀྱི་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་པ་རེད།

མཉམ་སྤྱོད་འཁྱེར་བདེའི་གསོ་རླུང་བཟོ་བའི་ཡོ་བྱད་རྣམ་གྲངས་དེས་ས་མཐོའི་ཡུལ་སྐོར་སོགས་ཀྱི་དགོས་མཁོ་དངོས་ནས་འགོ་ཚུགས་ཏེ། སྲོལ་རྒྱུན་གྱི་ས་མཐོའི་གསོ་རླུང་ཡོ་བྱད་དེ་ལྕི་བ་དང་། འགྲོ་གྲོན་ཆེ་བ། ཡུལ་སྐོར་བས་འཁྱེར་བར་སྟབས་མི་བདེ་བ་སོགས་ཀྱི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱས་ཡོད་པ་རེད། ད་ཐེངས་ཀྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག་བཏོན་པའི་མཉམ་སྤྱོད་འཁྱེར་བདེའི་གསོ་རླུང་བཟོ་བའི་ཡོ་བྱད་དེ་གསར་གཏོད་ཀྱི་མཉམ་སྤྱོད་བྱེད་སྟངས་བརྒྱུད། བེད་སྤྱོད་ཀྱི་ཚད་གཞི་དམའ་རུ་ནུས་ལྡན་བཏང་ནས་རྒྱ་ཆེའི་ས་མཐོའི་ཡུལ་སྐོར་བར་གསོ་རླུང་བཟོ་བའི་ཡོ་བྱད་སྟབས་བདེ་ཞིག་འདོན་སྤྲོད་བྱས་པས། ས་མཐོའི་ཡུལ་སྐོར་སྤུས་ཚད་མཐོ་རུ་ཤུགས་ཆེན་འགྲོ་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཐོན་རྒྱུ་རེད། པེ་དབྱི་ཁང་ཚོགས་པ་ཀུང་སིའི་འགན་འཁུར་བ་ཀྲང་ཝུན་གྱིས་ད་ཆ་ཡུལ་སྐོར་བ་མང་པོ་ཞིག་བོད་ལ་ཡུལ་སྐོར་དུ་ཡོང་རྒྱུར་དགའ་པོ་བྱེད་ཀྱི་ཡོད། འོན་ཀྱང་ཡུལ་སྐོར་བ་མང་པོ་ཞིག་བོད་དུ་ཡོང་རྗེས་མགོ་ན་བ་དང་བྲང་ཁོག་ན་བ་སོགས་ཀྱི་སྣང་ཚུལ་ཡོང་གི་ཡོད་ལ། གསོ་རླུང་མི་འདང་བའི་དབང་གིས་སླར་ཡང་ཕྱིར་ལོག་འགྲོ་ཡི་ཡོད། ང་ཚོའི་པེ་དབྱི་ཁང་གིས་བཏོན་པའི་མཉམ་སྤྱོད་འཁྱེར་བདེའི་གསོ་རླུང་བཟོ་བའི་ཡོ་བྱད་འདིས་ཡུལ་སྐོར་བའི་དགོས་མཁོ་སྐོང་ཐུབ་པས་ཡུལ་སྐོར་བར་གསོ་རླུང་མི་འདང་བའི་སེམས་ཁྲལ་བྱེད་མི་དགོས་པར་བོད་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་མྱོང་རོལ་བྱེད་ཆོག་ཅེས་བཤད།

མཉམ་སྤྱོད་འཁྱེར་བདེའི་གསོ་རླུང་བཟོ་བའི་ཡོ་བྱད་ཀྱི་རྣམ་གྲངས་དེས་ས་མཐོའི་ས་ཁུལ་གྱི་གསོ་རླུང་སྤྱོད་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་གཞོལ་ནས། གྲོང་མི་དང་ཡུལ་སྐོར་བས་ལག་ཐོགས་ཁ་པར་བརྒྱུད་རྩ་གཉིས་ཨང་རྟགས་བཤེར་བ་ཙམ་གྱིས་ཡོ་བྱད་དེ་སྤྱོད་ཆོག་གི་ཡོད་པས། གསོ་རླུང་རྔུབ་པར་ཧ་ཅང་སྟབས་བདེ་པོ་ཡོད། དེ་དང་ཆབས་ཅིག་ཁྲོམ་རའི་ཐོག་གི་ཐེངས་གཅིག་རང་བཞིན་གྱི་གསོ་རླུང་ཤེལ་དམ་གྱི་འགྲོ་གྲོན་དང་བསྡུར་ན་སྟབས་བདེའི་རང་བཞིན་གྱི་གསོ་རླུང་བཟོ་བའི་ཡོ་བྱད་སྤྱོད་པའི་རིན་གོང་དེ་བས་དམའ་བ་ཡོད་པ་དང་། བསྟུད་མར་བེད་སྤྱོད་བྱས་ཚེ་ཆུ་ཚོད་རེར་སྒོར་3ཡིན་པས། གསོ་རླུང་རྔུབ་པའི་མ་གནས་ཆེས་ཆེར་ཆག་ཡོད། མཉམ་སྤྱོད་འཁྱེར་བདེའི་གསོ་རླུང་བཟོ་བའི་ཡོ་བྱད་ལྷ་སར་སྤྱོད་འགོ་ཚུགས་པ་དེས་ཡུལ་སྐོར་ལས་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་བཏང་ནས་ས་ཁོངས་དཔལ་འབྱོར་དར་རྒྱས་དང་གོང་འཕེལ་ཡོང་ཆེད་རང་ངོས་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་པ་རེད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-08 6 6 拉萨日报藏文 c186008.html 1 མཉམ་སྤྱོད་འཁྱེར་བདེའི་གསོ་རླུང་བཟོ་བའི་ ཡོ་བྱད་ལྷ་སར་སྤྱོད་འགོ་ཚུགས་པ། /enpproperty-->