ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཞོ་སྟོན་རིང་གི་ཁྲོམ་རའི་ཁྱབ་ཁོངས་ཀྱི་ལྟ་སྐུལ་དོ་དམ་ལས་དོན་ཡག་པོ་བསྒྲུབ་ཆེད། ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་བཟའ་བཅའ་དང་།སྨན་རྫས།དམིགས་བསལ་སྒྲིག་ཆས་སོགས་གཙོ་གནད་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ལ་དམིགས་ཏེ།དུས་ཆེན་རིང་ཆེད་དོན་ཞིབ་བཤེར་ཏན་ཏིག་བྱས་ནས་འགྲན་རྩོད་གོ་རིམ་ལྡན་པ་དང་། ཡིད་རྟོན་ཁྲིམས་སྲུང་། བདེ་འཇགས་བློ་བདེ་བཅས་ཀྱི་འཛད་སྤྱོད་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བཏོད་ཡོད།
ལྟ་སྐུལ་དོ་དམ་པ་སྒོ་འགྲམ་དུ་བསྐྱོད་ནས་རིན་གོང་ཐད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་པ་དང་། ཚོང་ཟོག་གི་རིན་གོང་གསལ་པོར་བཀོད་ཡོད་མེད་ལ་ཞིབ་བཤེར་ནན་པོ་བྱེད་པ་བརྒྱུད།ཁྲོམ་རའི་རིན་གོང་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་པ་དང་། ཁྲིད་སྟོན་དང་ལྟ་སྐུལ་མཉམ་དུ་མཐའ་འཁྱོངས་བྱས་ཏེ་ཚོང་གཉེར་བྱེད་མཁན་གྱིས་ངེས་པར་དུ་ཚོང་ཟོག་དང་ཞབས་ཞུ་ཡོངས་རྫོགས་ཀྱི་རིན་གོང་གསལ་པོར་བཀོད་པ་དང་། དོན་དངོས་དང་མཐུན་པ། ཚོང་ཟོག་གི་མིང་རྟགས་བཀོད་པ། མཚོན་བྱང་བཀོད་པ་བཅས་བྱས་ནས་ཚོང་གཉེར་བྱེད་མཁན་གྱི་བྱེད་པོའི་འགན་འཁྲི་ཏན་ཏིག་བསྒྲུབ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། དེ་དང་ཆབས་ཅིག་ཤ་ཚལ་སྒོང་གསུམ་སོགས་ཚོང་ཟོག་གལ་ཆེན་གྱི་རིན་གོང་བརྟན་པོའི་ངང་འཁོར་སྐྱོད་བྱེད་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཏེ།གཏན་འབེབས་ལྟར་རིན་གོང་གསལ་པོ་མི་འགོད་པ་དང་། རིན་གོང་ཐད་མགོ་སྐོར་གཏོང་བ། རིན་གོང་སྤར་བ་སོགས་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་དང་ཐག་གཅོད་ནན་པོ་བྱས་ནས་དུས་ཆེན་རིང་ཁྲོམ་རའི་རིན་གོང་རྒྱུན་མཐུད་ངང་བརྟན་པོ་ཡོང་བར་སྲུང་སྐྱོང་ཏན་ཏིག་བྱས་ཡོད།
གྲོང་མི་མང་ཚོགས་ཀྱི་བཟའ་བཏུང་བློ་བདེ་པོ་ཡོང་བར་བྱ་ཆེད། ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་བཟའ་བཏུང་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་སྔར་བས་ཆེ་རུ་བཏང་ནས་འགན་འཁྲི་གཉིས་དོན་འཁྱོལ་ཡག་པོ་བྱས་ཡོད། བཟའ་བཅའ་གཉེར་སྐྱོང་ཚན་པའི་ལས་གཉེར་ལག་ཁྱེར་དང་། བཟའ་བཅའ་གཉེར་སྐྱོང་གི་ཆོག་འཐུས་ལག་ཁྱེར། ལས་ཞུགས་པའི་བདེ་ཐང་དཔང་ཡིག་སོགས་ཀྱི་ཐོབ་ཐང་གནས་ཚུལ་དང་།བཟའ་བཅའི་མ་བཅོས་རྒྱུ་ཆ་ཉོ་སྒྲུབ་ཀྱི་ཐབས་ལམ་དང་སྤ་སེ་ལེན་པའི་གནས་ཚུལ། བཟའ་བཅའ་ལས་སྣོན་བྱེད་པའི་བརྒྱུད་རིམ་གྱི་འཕྲོད་བསྟེན་གནས་ཚུལ་སོགས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པར་མ་ཟད། བཟའ་བཏུང་ཞབས་ཞུ་བྱ་ཡུལ་གྱི་ཁོར་ཡུག་གཙང་ཞིང་གྲལ་འགྲིག་པའི་ཆེད་དོན་འགག་སྒྲོལ་བྱ་སྤྱོད་མུ་མཐུད་སྤེལ་ནས་ལས་ཀའི་གྲུབ་འབྲས་སྲ་བརྟན་དུ་བཏང་ཡོད། བཟའ་བཏུང་ཞབས་ཞུ་ཚན་པའི་ཁོར་ཡུག་གཙང་མ་མེད་པ་དང་བཟའ་བཅའི་ནང་དངོས་པོ་གཞན་འདྲེས་ཡོད་པ་སོགས་ཀྱི་གནད་དོན་ལ་གཙོ་གནད་ཐོག་ཐག་གཅོད་བྱས་ཏེ།བཟའ་བཅའི་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་ནས་བཟའ་བཅའི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱས་ཡོད་པ་རེད།
དུས་ཆེན་གྱི་འཛད་སྤྱོད་མང་བའི་གནད་དོན་ལ་དམིགས་ཏེ།ཁོངས་གཏོགས་ནང་ཁུལ་གྱི་སྨན་རྫས་སིལ་ཚོང་བྱ་ཡུལ་གྱི་གཙོ་གནད་ས་ཁོངས་སུ་སྨན་རྫས་བདེ་འཇགས་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་།ལྟ་སྐུལ་ཞིབ་བཤེར་དང་ཉེན་ཁ་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ།གཉེར་སྐྱོང་ཚན་པས་གཉེར་སྐྱོང་བྱ་སྤྱོད་ཚད་ལྡན་དུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་སྨན་རྫས་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་ཏན་ཏིག་བསྒྲུབ་དགོས་པའི་སྐུལ་འདེད་བཏང་ཡོད། དུས་ཆེན་རིང་འཛད་སྤྱོད་མང་ཤོས་ཀྱི་ཁྱད་ཆོས་ལ་དམིགས་ཏེ།ཚོང་ཁང་ཆེ་གྲས་དང་སྐྲ་བཞར་ཁང་སོགས་ལ་མཛེས་འཆོས་བྱུག་རྫས་གཉེར་སྐྱོང་བྱེད་མཁན་ཚན་པའི་བདེ་འཇགས་ལ་ཆེད་དོན་ཞིབ་བཤེར་བྱས་པ་སྟེ།ཚོང་ཟོག་འཐེན་སྐབས་ཀྱི་ཞིབ་བཤེར་ལམ་ལུགས་དོན་འཁྱོལ་མ་བྱས་པ་དང་དེ་བཞིན་དུས་ཚོད་ལས་ཡོལ་བའི་མཛེས་འཆོས་བྱུག་རྫས་ཕྱིར་ཚོང་བྱེད་པ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་དང་ཆད་པ་ནན་པོ་བཅད་ཡོད།
དེ་དང་ཆབས་ཅིག་མགྲོན་ཁང་དང་། སྒོ་རྩིས་ཚོང་ཁང་། བཟའ་བཏུང་ཚན་པ། ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་མི་ཚོགས་འདུས་སའི་གློག་སྐས་དང་། གནོན་ཤུགས་སྣོད་ཆས། རོལ་རྩེད་སྒྲིག་ཆས་ཆེ་གྲས་སོགས་དམིགས་བསལ་སྒྲིག་ཆས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ།དམིགས་བསལ་སྒྲིག་ཆས་སྤྱོད་མཁན་ཚན་པར་ཁེ་ལས་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་དགོས་པའི་སྐུལ་འདེད་བཏང་བ་དང་།བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་མེད་པར་བཟོས་ཏེ།དུས་ཆེན་རིང་དམིགས་བསལ་སྒྲིག་ཆས་བདེ་འཇགས་ངང་འཁོར་སྐྱོད་ཐུབ་རྒྱུར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
དུས་ཆེན་རིང་།ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁྱོན་མི་གྲངས་60ལྷག་ཙམ་མངགས་གཏོང་བྱས་ནས་བཟའ་བཏུང་ཞབས་ཞུ་བྱ་ཡུལ་72དང་། ཐུག་འཐག་ཁང་10 གསེར་དངུལ་ལས་སྣོན་ཁྲོམ་ར་10 སྨན་རྫས་ཚོང་ཁང་3 མཛེས་འཆོས་བྱུག་རྫས་གཉེར་སྐྱོང་བྱེད་མཁན་གྱི་ཚོང་དུད་20བཅས་ལ་ཞིབ་བཤེར་བྱས་པ་དང་།ཚོང་དུད་5ལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བཅོས་སྒྲིག་བྱ་རྒྱུར་སྐུལ་ཁྲིད་དང་མཛུབ་ཁྲིད་བྱས་ནས་བདེ་འཇགས་ཀྱི་འགག་སྒོ་ནན་པོར་བསྲུངས་ཡོད།ཕྱིས་འབྱུང་།ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་འགན་ནུས་ཏན་ཏིག་བསྒྲུབ་རྒྱུ་དང་།ཞོ་སྟོན་རིང་ཁྲོམ་ར་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི་བདེ་འཇགས་འགན་ལེན་ལས་དོན་ཡག་པོ་བསྒྲུབས་ནས་དུས་ཆེན་རིང་གི་ཁྲོམ་རའི་བདེ་འཇགས་ལ་སྲུང་སྐྱོང་གང་ལེགས་བྱ་རྒྱུ་ཡིན་པ་རེད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社