ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། བར་སྐོར་ཁྲོམ་གཞུང་གི་དམངས་སྲོལ་རིག་གནས་ཀྱི་ཁྱད་ཆོས་གང་ལེགས་མངོན་པར་བྱ་ཆེད། ཟླ་8ཚེས་5ཉིན་ནས་བཟུང་། ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་གིས་2024ལོའི་བར་སྐོར་གྱིས་སྐུ་མགྲོན་ལ་བསུ་བ་ཞུ་བ་དང་ཞིམ་ཟས་མཉམ་འདུས་ཞེས་པའི་རིག་གནས་ཡུལ་སྐོར་གྱི་བྱེད་སྒོ་སྤེལ་བརེད།
ཉིན་དེའི་ཕྱི་དྲོར། བར་སྐོར་ཁྲོམ་གཞུང་ལྷ་མོ་འཁྲབ་སྟོན་ཚོགས་པ་དང་བོད་ཆས་འཁྲབ་སྟོན་ཚོགས་པ་གཙུག་ལག་ཁང་ཐང་ཆེན་ནས་ཐོན་ཏེ། བར་སྐོར་ཁྲོམ་གཞུང་ལ་སྐོར་བ་རྒྱག་ཞོར་དུ་འཁྲབ་སྟོན་བྱེད་འགོ་ཚུགས་པ་རེད། དེའི་རིང་། ཁོང་ཚོས་དུས་ངེས་མེད་དུ་ཡུལ་སྐོར་བར་དཀར་གཙང་མཇལ་དར་ཕུལ་བ་དང་མཉམ་དུ་དྲན་རྟེན་འདྲ་པར་ཡང་བརྒྱབ་པ་རེད། བར་སྐོར་ཁྲོམ་གཞུང་ལ་སྐོར་བ་ཐེངས་གཅིག་བརྒྱབ་རྗེས། འཁྲབ་སྟོན་ཚོགས་པས་ལྷ་སའི་གློག་བརྙན་ཁང་གི་ཉེ་འགྲམ་དུ་ལྷ་མོ་འཁྲབ་སྟོན་བྱས་པ་དང་འབྲེལ། སྤྲོ་སེམས་འཁོལ་བའི་ངང་ཡུལ་སྐོར་བ་གདན་འདྲེན་ཞུས་ནས་པར་ལེན་བྱས་པ་རེད། ད་ཐེངས་ཀྱི་བྱེད་སྒོའི་འཆར་འགོད་པ་དང་བར་སྐོར་ཁྲོམ་གཞུང་ཁྲིམས་འཛིན་སུའོ་ཡི་སུའོ་ཀྲང་ཀྲའོ་ཅིང་ཅིང་གིས་ང་ཚོའི་ད་ཐེངས་ཀྱི་བྱེད་སྒོ་དེ་གཙོ་བོ་རིག་གནས་ཡུལ་སྐོར་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མཛེས་ལྗོངས་ཁུལ་གྱི་སྤུས་ཚད་དང་རིག་གནས་ཀྱི་ནང་དོན་མངོན་པར་བྱེད་པ། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་སྤུས་རྟགས་གཏོད་པ།ལམ་བར་དུ་ལྷ་མོ་འཁྲབ་སྟོན་དང་ཁྱད་ལྡན་ཞིམ་ཟས་མཉམ་འདུས་སོགས་ཀྱི་བྱེད་སྒོ་སྤེལ་ནས་དྲ་བའི་ཐོག་སྐད་གྲགས་ཆོད་པའི་ཡུལ་སྐོར་བྱ་ཡུལ་གཏོད་པའི་ཆེད་དུ་ཡིན་ཞེས་བཤད།
ལྷ་མོའི་འཁྲབ་སྟོན་དང་བོད་ཆས་ཀྱི་འཁྲབ་སྟོན་ཕུད། ཟླ་8ཚེས་5ནས་ཚེས་7ཉིན་བར། ཁྲོམ་གཞུང་དེས་ད་དུང་རྡོ་སེང་གེ་ལམ་དང་གཡུ་ཐོག་ལམ་གྱི་འབྲེལ་མཚམས་དང་། པེ་ཅིང་ཤར་ལམ་དང་བསྟན་རྒྱས་གླིང་ལམ་གྱི་འབྲེལ་མཚམས། ཀླུ་སྒུག་ལམ་དང་བར་སྐོར་ལྷོ་ལམ་གྱི་འབྲེལ་མཚམས་སོགས་སུ་སྨོན་འདུན་ཞུ་ཡུལ་8བཙུགས་ནས་གྲོང་མི་དང་ཡུལ་སྐོར་བར་ཤོག་བུའི་རླུང་གཡབ་དང་། གདོང་འབག་ཆུང་ཆུང་། བོད་ལུགས་ཞྭ་མོ་སོགས་ཀྱི་ལག་རྟགས་སྤྲད་དེ་ཡུལ་སྐོར་བ་དང་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་ཐོག་བར་སྐོར་ཁྲོམ་གཞུང་དེ་ཁྱད་ཆོས་ལྡན་པའི་ཡུལ་སྐོར་བྱ་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社