分享按钮

ཞོ་སྟོན་རིང་ལྷ་མོའི་འཁྲབ་སྟོན་ལ་མྱོང་རོལ་བྱས་པ།

ཟླ་8ཚེས་6ཉིན་ནི་2024ལོའི་ལྷ་སའི་ཕུལ་བྱུང་ལྷ་མོ་འཁྲབ་སྟོན་གྱི་མཐའ་མའི་ཉིན་མོ་དེ་ཡིན་ཞིང་། རྫོང་རྒྱབ་ཀླུ་ཁང་དུ་རང་དབང་དང་བརྩེ་དུང་གི་སྐོར་བརྗོད་པའི་ལྷ་མོ་སྟེ《ཆོས་རྒྱལ་ནོར་བཟང》(མིང་གཞན་ལ《རྒྱལ་སྲས་ནོར་བཟང》ཞེས་ཀྱང་བརྗོད)འཁྲབ་སྟོན་བྱས་ཏེ་ཞོ་སྟོན་གྱི་ལྷ་མོའི་གསོལ་སྟོན་བདེ་བླག་ངང་མཇུག་འགྲིལ་བ་རེད། སྲོལ་རྒྱུན་ལྷ་མོའི་འཁྲབ་གཞུང་བརྒྱད་ཀྱི་ཁྲོད་ནས་རྩེར་སོན་གྱི་འཁྲབ་གཞུང་ཞིག་ཡིན་པ་འདིས་མི་རྣམས་ཀྱིས་རང་དབང་གི་བརྩེ་དུང་འཚོལ་སྙེགས་བྱེད་པའི་བསམ་འདུན་བཟང་པོ་མཚོན་པར་མ་ཟད། ལྷ་མོའི་སྒྱུ་རྩལ་གྱི་གཏིང་ཟབ་པའི་ནང་དོན་དང་དུས་རབས་ཀྱི་གསོན་ཤུགས་ཀྱང་སྔར་བས་མངོན་པར་བྱས་ཡོད།

སྔ་དྲོའི་ཆུ་ཚོད་11ཙམ་ལ། རྔ་རྡུང་བའི་སྒྲ་གྲགས་པ་དང་བསྟུན་ནས་སྟོད་ལུང་བདེ་ཆེན་ཆུས་མཚོ་སྨད་ལྷ་མོ་རུ་ཁག་གི་འཁྲབ་སྟོན་པ་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ནས་གར་སྟེགས་ཐོག་ཏུ་བསྐྱོད། འཁྲབ་སྟོན་འགོ་ཚུགས་མ་ཐག་ཡུལ་དངོས་ཀྱི་གྲོང་མི་དང་ཡུལ་སྐོར་བའི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཐོབ་ཡོད། མང་ཚོགས་ཉི་མས་ད་ཐེངས་ཀྱི་ཞོ་སྟོན་རིང་ངས《འགྲོ་བ་བཟང་མོ》དང《ཆོས་རྒྱལ་ནོར་བཟང》ལ་བལྟས་པ་ཡིན་ཞེས་ལྷ་མོའི་འཁྲབ་སྟོན་ལ་དགའ་ཞེན་དང་རེ་སྒུག་ཡོད་པའི་སྒོ་ནས་བཤད།

ཡུལ་དངོས་སུ་མི་རྣམས་མཉམ་དུ་བསྡད་ནས་ལྷ་མོའི་འཁྲབ་སྟོན་ལ་གཟིགས་པ་དང་། གཞོན་ནུ་ཚོས་འཁྲབ་སྟོན་པ་ཚོའི་འཁྲབ་སྟོན་གྱི་ཐབས་རྩལ་ལ་གྲོས་བསྡུར་བྱས་ནས་ལྷ་མོའི་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་བྱེད་ཀྱིན་ཡོད་པ་དང་། ཕྲུ་གུ་ཚོས་གསོན་ཉམས་དོད་པའི་ལྷ་མོའི་གདོང་འབག་ལ་བལྟས་ཤིང་ལག་པས་རེག་ཞོར་གད་མོ་དགོད་བཞིན་ཡོད་ཅིང་། ལྷད་མེད་ཀྱི་འཛུམ་མདངས་དེས་དེ་གར་ཡོད་པའི་མི་ཚང་མར་དགའ་བ་དཔག་མེད་སྦྱིན། ས་ཆ་གཞན་ནས་ཡོང་བའི་ཡུལ་སྐོར་བས་པར་ཆས་མཐོན་པོར་བཀྱགས་ནས་པར་ལེན་བཞིན་ཡོད་པ་དང་། ཁོང་ཚོས་བརྙན་ཤེལ་བརྒྱུད་ནས་ཐུན་མོང་མ་ཡིན་པའི་རིག་གནས་འདི་ཉིད་ཉམས་ལེན་དང་ཟིན་ཐོར་འགོད་བཞིན་ཡོད། ཡུལ་སྐོར་བ་སྐུ་ཞབས་ལིའུ་ཡིས་ང་བོད་དུ་ཡོང་ཐེངས་གཉིས་པ་ཡིན། ད་ལོ་ཞོ་སྟོན་དང་ཏག་ཏག་སྐབས་འཁེལ་ཡོད།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-08 6 6 拉萨日报藏文 c185996.html 1 ཞོ་སྟོན་རིང་ལྷ་མོའི་འཁྲབ་སྟོན་ལ་མྱོང་རོལ་བྱས་པ། /enpproperty-->