ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཐུག་པ་བརྫི་སའི་ཐོན་སྐྱེད་ཚོང་གཉེར་གྱི་ལས་ཀ་སྔར་བས་ཚད་ལྡན་དུ་གཏོང་བ་དང་། བཟའ་བཅའི་སྤུས་ཚད་ལ་འགན་ལེན་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར། ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁོངས་གཏོགས་ཁུལ་གྱི་བོད་ཐུག་བརྫི་ས་ཆུང་གྲས་15ཡི་འགན་འཁུར་བ་སྒྲིག་འཛུགས་བྱས་ནས་ལྟ་སྐོར་དང་སློབ་སྦྱོང་། བགྲོ་གླེང་བཅས་བྱས་པ་རེད།
འགན་འཁུར་བ་རྣམས་སྔ་རྗེས་སུ་གྲོང་ཁྱེར་བྱང་མའི་ཤིན་ཧྲེང་ཡོན་ཐུག་པ་བརྫི་ས་དང་ཀླུ་སྒུག་ཐུག་པ་བརྫི་སར་བསྐྱོད་ཅིང་། ཤིན་ཧྲེང་ཡོན་ཐུག་པ་བརྫི་སར་དེའི་ལས་དོན་པས་ཉམས་མྱོང་སྤེལ་རེས་བྱས་པ་དང་། ཁྲིམས་འཛིན་པས་ཐོན་སྐྱེད་ཚོང་གཉེར་བྱ་ཡུལ་གྱི་ཁོར་ཡུག་དང་། བཀོད་སྒྲིག ལས་ཞུགས་པའི་བདེ་ཐང་དོ་དམ། ཐོན་སྐྱེད་ཀྱི་ཚད་གཞི། ལག་ཁྱེར་དོ་དམ། བཅའ་ཁྲིམས་ཀྱི་འགན་འཁྲི་སོགས་གཙོ་བོར་བཟུང་ནས་འགྲེལ་བཤད་བརྒྱབ་པ་རེད། དེའི་རྗེས་སུ་ཚང་མས་བོད་ཐུག་བརྫི་སའི་བཀོད་པ་དང་། ཁོར་ཡུག་གི་ཆ་རྐྱེན། བརྫི་བའི་བརྒྱུད་རིམ། ལམ་ལུགས་དོན་འཁྱོལ་སོགས་ལ་ལྟ་སྐོར་བྱས་པ་དང་བཟའ་བཅའི་བདེ་ཐང་དོ་དམ་གྱི་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་ནན་ཏན་བྱས་པར་མ་ཟད། བགྲོ་གླེང་གཏིང་ཟབ་བྱས་ཏེ་བསྡུར་བའི་རྣམ་པའི་ཁྲོད་ནས་རང་ངོས་ཀྱི་མི་འདང་ས་འཚོལ་ཞིབ་ཀྱང་བྱས་པ་རེད།
ཁྲིམས་འཛིན་པས་ཐུག་པ་རྫི་མཁན་ཁག་གིས་བཟའ་བཅའི་བདེ་ཐང་དོ་དམ་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་བཟའ་བཅའི་བདེ་ཐང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་དགོས་པ་དང་། ཐོན་སྐྱེད་ཚོང་གཉེར་བྱ་ཡུལ་གཙང་ཞིང་གྲལ་འགྲིག་པོ་ཡོང་བར་བྱས་ནས་དུག་དང་གནོད་འཚེ་ཡོད་པའི་ཡུལ་དང་དེ་བཞིན་སྦགས་བཙོག་གི་འབྱུང་ཁུངས་གཞན་དག་དང་བར་ཐག་འོས་འཚམ་བཞག་སྟེ། བཟའ་བཅར་སྦགས་བཙོག་མི་ཡོང་བའི་སྔོན་འགོག་བྱེད་དགོས་པ། མ་བཅོས་རྒྱུ་ཆ་མཁོ་འདོན་བྱེད་མཁན་གྱི་ལས་གཉེར་ལག་ཁྱེར་དང་ཆོག་འཐུས་ལག་ཁྱེར། ཐོབ་ཐང་ལག་ཁྱེར། ཕྱིར་འཚོང་དཔང་ཡིག ཐོན་ཡུལ་དཔང་ཡིག ཚད་ལོན་དཔང་ཡིག་སོགས་ལ་ནན་ཏན་གྱིས་ཞིབ་བཤེར་བྱེད་དགོས་པ། ཚོང་ཟོག་ནང་འདྲེན་གྱི་རྩིས་ཐོ་བཟོས་ནས་མ་བཅོས་རྒྱུ་ཆའི་མིང་དང་། གྲངས་འབོར། ནང་འདྲེན་གྱི་དུས་ཚོད། དེ་བཞིན་ཚོང་ཟོག་མཁོ་འདོན་བྱེད་མཁན་གྱི་མིང་དང་། ས་གནས། འབྲེལ་གཏུགས་ཁ་པར་ཨང་གྲངས་སོགས་ཇི་མ་ཇི་བཞིན་ཐོར་བཀོད་ནས་དོ་དམ་དང་ཚོད་འཛིན་ལེགས་པར་བྱས་ཏེ། བཟའ་བཅའི་བདེ་ཐང་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད།
ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་བཟའ་བཅའ་ཁོའོ་ཡི་ཁོའོ་ཀྲང་གཡང་སྒྲོན་གྱིས། སླད་ཕྱིན་ང་ཚོས་མུ་མཐུད་ཁག་དབྱེ་ནས་ཐུག་པ་རྫི་མཁན་གྱི་སློབ་སྦྱོང་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་བཟའ་བཅའ་ཐོན་སྐྱེད་དང་ལས་སྣོན་ཁང་ཆུང་གྲས་ལ་ལྟ་སྐུལ་དོ་དམ་བྱེད་སྟངས་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱ་རྒྱུ་དང་། ཁག་གཅིག་ལ་ཞིབ་བཤེར་དང་བཅོས་སྒྲིག་བྱེད་པ་དང་། ཁག་གཅིག་ཚད་ལྡན་དང་འཕེལ་རྒྱས་སུ་གཏོང་བ། ཁག་གཅིག་ཕྱོགས་སྒྱུར་དང་རིམ་པ་སྤོར་བ་བཅས་ཀྱི་སྤྱིའི་བསམ་ཕྱོགས་གཞིར་བཟུང་། ལས་སྣོན་ཁང་ཆུང་གྲས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། དམངས་ཀྱི་བཟའ་བཅའི་བདེ་ཐང་འགག་སྒོར་སྲུང་སྐྱོང་སྔར་བས་བྱ་རྒྱུ་ཡིན་ཞེས་བཤད།(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社