ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། “རིག་དཔལ་དར་བའི་ལྷ་ས”འཛུགས་སྐྲུན་ལ་རམ་འདེགས་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྔར་བས་དར་བར་བྱེད་པ། གྲོང་ཁྱེར་གྱི་རིག་གནས་ཆུ་ཚད་དང་ཤེས་དཔལ་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར། གྲོང་ཁྱེར་སྲིད་གྲོས་དང་གྲོང་ཨུད་དྲིལ་བསྒྲགས་པུའུ་ཡིས་མཉམ་དུ“རིག་དཔལ་དར་བའི་སྲིད་གྲོས་རྣམ་པ་གཏོད། མཐུན་འབྲེལ་ངང་ནས་ངོས་འཛིན་གཅིག་ཏུ་སྒྲིལ”ཞེས་པ་གཙོ་དོན་དུ་བྱས་པའི་དཔེ་ཀློག་གི་བྱེད་སྒོ་གཉེར་བ་རེད།
བྱེད་སྒོ་དེ་ནི་གྲགས་ཅན་རྩོམ་པ་པོ་ཚེ་རིང་ནོར་བུ་དང་པདྨ་ནོར་སྒྲོན་གྱིས་བྱས་པའི་དཔེ་ཀློག་མཉམ་སྤྱོད་ཁྲོད་འགོ་ཚུགས་ཤིང་།ཞིབ་ཚགས་ཀྱིས་བདམས་པའི་དཔེ་དེབ་ལ་དམིགས་ནས་སྲིད་གྲོས་ཨུ་ཡོན་ཚོས་རང་གི་ལྟ་ཚུལ་གླེང་བ་དང་། དཔེ་ཀློག་བརྒྱུད་རིམ་ཁྲོད་ཀྱི་མྱོང་ཚོར་ལྷུག་པོར་བརྗོད་པ། ལྟ་བ་མི་འདྲ་བའི་ཁྲོད་ནས་ངོས་འཛིན་གཅིག་ཏུ་སྒྲིལ་བ་སོགས་བྱས་པ་རེད། དཔེ་དེབ་ཀྱི་ནང་དོན་ལ་དབྱེ་ཞིབ་བྱས་པ་བརྒྱུད། སྲིད་གྲོས་ཨུ་ཡོན་ཚོས་ཁྱབ་ཁོངས་མི་འདྲ་བའི་ཤེས་བྱར་གོ་བ་ཟབ་མོ་ལེན་ཐུབ་པར་མ་ཟད། བགྲོ་གླེང་ཁྲོད་ཕན་ཚུན་དབར་གྱི་ཤེས་རྟོགས་དང་མཛའ་བརྩེ་ཟབ་ཏུ་ཕྱིན་ནས་སྲིད་གྲོས་ནང་ཁུལ་གྱི་མཐུན་སྒྲིལ་དང་རོགས་ལས་སྔར་བས་ཟབ་ཏུ་ཕྱིན་པ་རེད།
བྱེད་སྒོར་ད་དུང་སྣ་མང་ཕུན་སུམ་ཚོགས་པའི་མཐུན་འབྲེལ་གྱི་ལེ་ཚན་བསྣོལ་ནས་བག་ཕེབས་དང་སྤྲོ་སྣང་གི་རྣམ་པའི་ཁྲོད་སྲིད་གྲོས་ཨུ་ཡོན་ཚོའི་སེམས་ཁམས་ལྷོད་དུ་དང་བརྩེ་དུང་ཟབ་ཏུ་ཕྱིན་པ་དང་། ཚང་མས་དགའ་ཚོར་དང་བཅས་འཕེལ་རྒྱས་སྐོར་མཉམ་དུ་གླེང་ནས་སྲིད་གྲོས་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་དང་གསོན་ཤུགས་ལེགས་པར་མངོན་ཡོད།
སྲིད་གྲོས་ཀྱི་ཨུ་ཡོན་ལི་མའེ་ཡིས། རིག་དཔལ་དར་བའི་སྲིད་གྲོས་རྣམ་པ་གཏོད་པའི་བྱེད་སྒོས་དཔེ་ཀློག་ལ་བརྟེན་ནས་བཟང་སྐྱེད་ཡོང་བར་བྱས་པ་དང་མཐུན་འབྲེལ་ལ་བརྟེན་ནས་བརྩེ་བ་ཟབ་ཏུ་ཕྱིན་སོང་། ཚང་མས་མཉམ་དུ་གནད་དོན་ལ་གྲོས་བསྡུར་དང་ཉམས་མྱོང་མཉམ་སྤྱོད་བྱེད་པའི་རྣམ་པ་དེ་ནི་ཧ་ཅང་ཡག་པོ་འདུག བྱེད་སྒོ་དེ་རིགས་བརྒྱུད། ང་ཚོས་ངོས་འཛིན་སྔར་བས་གཅིག་ཏུ་བསྒྲིལ་ནས་བྱ་གཞག་ཁག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཤད།
ཐེངས་འདིའི“རིག་དཔལ་དར་བའི་སྲིད་གྲོས་རྣམ་པ་གཏོད། མཐུན་འབྲེལ་ངང་ནས་ངོས་འཛིན་གཅིག་ཏུ་སྒྲིལ”ཞེས་པའི་བྱེད་སྒོ་དེར་དཔེ་དེབ་ཀྱིས་བློ་རིག་འཕེལ་བ་དང་མཐུན་འབྲེལ་གྱིས་སྟོབས་ཤུགས་སྒྲིལ་བའི་སྒོ་ནས་སྲིད་གྲོས་ལས་དོན་ལ་གསོན་ཤུགས་དང་སྒུལ་ཤུགས་གསར་པ་བསྣན་ཅིང་། ཨུ་ཡོན་ཚོའི་རིག་གནས་བྱང་ཚད་དང་ཕྱོགས་བསྡུས་བྱང་ཚད་མཐོ་རུ་ཕྱིན་པར་མ་ཟད། འབྲེལ་གཏུགས་ཀྱི་ཟམ་པ་དེ་བས་ཀྱང་བསྐྲུན་ནས་དཔེ་ཀློག་ཁྲོད་དུ་ཐུན་མོང་གི་ངོས་འཛིན་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་ཡོད།
སྲིད་གྲོས་ཨུ་ཡོན་ཁྲོད་དུ་དཔེ་ཀློག་བྱེད་སྒོ་སྤེལ་ནས་རིག་དཔལ་དར་བའི་སྲིད་གྲོས་གཏོད་པ་དེ་ནི། མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་ལེན་དངོས་ཡིན་ལ། སྲིད་གྲོས་ལ་རིག་དཔལ་གྱི་རང་མདངས་རྒྱས་པར་བྱེད་པ་དང་ཨུ་ཡོན་གྱི་འགན་འཁྲི་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་བའི་ཞིབ་ཕྲའི་བྱ་ཐབས་ཤིག་ཀྱང་ཡིན། ཨུ་ཡོན་གྱི་མཐུན་འབྲེལ་བྱེད་སྒོ་སྤེལ་བ་དེའང་སྲིད་གྲོས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་ཡིན་ལ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ཤིག་ཀྱང་ཡིན། ཐེངས་འདིའི་བྱེད་སྒོ་བདེ་བླག་ངང་གཉེར་བ་དེས་སྲིད་གྲོས་ཀྱི་ཧུར་བརྩོན་ཡར་ཐོན་གྱི་སྙིང་སྟོབས་དང་མཐུན་སྒྲིལ་མདུན་སྐྱོད་ཀྱི་ཉམས་བཟང་གང་ལེགས་མངོན་ཡོད། སླད་ཕྱིན་བྱེད་སྒོ་དེ་རིགས་ད་དུང་མུ་མཐུད་སྤེལ་ནས་སྲིད་གྲོས་ཀྱི་ལས་དོན་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཐད་སྲིད་གྲོས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད།
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社