ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།ཁྲེང་ཀོན་ཆུས་བརྒྱད་གཅིག་ཁྲོམ་གཞུང་ཚོང་ཚོགས་འཛུགས་པའི་ཚོགས་ཆེན་ལྷ་སའི་གསོལ་མགྲོན་ཁང་བཀྲ་ཤིས་ཚོམས་ཆེན་དུ་འཚོགས་ཤིང་། དེའི་ཐོག་ནས་བོད་ཀྱི་ཁྲོམ་གཞུང་རིམ་པའི་ཚོང་ཚོགས་ཐོག་མ་ཁྲེང་ཀོན་ཆུས་བརྒྱད་གཅིག་ཁྲོམ་གཞུང་ཚོང་ཚོགས་དངོས་སུ་བཙུགས་པ་མཚོན་ཡོད།
བྱེད་སྒོ་དེ་ཁྲེང་ཀོན་ཆུས་ཚེ་མཆོག་གླིང་ཁྲོམ་གཞུང་གི་ལྷ་མོ་ཚོགས་པས་འཁྲབ་པའི་ཞབས་བྲོའི་ཁྲོད་འགོ་ཚུགས་ཤིང་།འབྲེལ་ཡོད་མི་སྣས《བརྒྱད་གཅིག་ཁྲོམ་གཞུང་སྤྱི་ཁྱབ་ཚོང་ཚོགས་འཛུགས་ཆོག་པའི་སྐོར་གྱི་ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཀྱི་ཆོག་མཆན་གྱི་བཀའ་ལན》སྒྲོག་སྦྱངས་བྱས་རྗེས་སྒོ་བྱང་གི་ཡོལ་བ་ཕྱེ་བའི་མཛད་སྒོ་འཚོགས་པ་རེད། དེ་རྗེས་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར། མཛའ་གྲོགས་ཚོང་ཚོགས་ཀྱི་འཐུས་མིས་རྟེན་འབྲེལ་ཤིས་ཚིག་བསྒྲོན་པ་རེད།
ཁྲེང་ཀོན་ཆུས་བརྒྱད་གཅིག་ཁྲོམ་གཞུང་ཚོང་ཚོགས་ཀྱིས་2023ལོའི་ཟླ་12པར་གྲ་སྒྲིག་བྱས་པ་དང་།ཟླ་7ཚེས་26ཉིན་འཚོགས་པའི་ཁྲེང་ཀོན་ཆུས་བརྒྱད་གཅིག་ཁྲོམ་གཞུང་ཚོང་ཚོགས་ཀྱི་སྐབས་དང་པོའི་འདེམས་བསྐོའི་ཚོགས་ཆེན་བརྒྱུད་ཚོགས་གཙོ་དང་། ཚོགས་གཙོ་གཞོན་པ།དྲུང་ཆེ།ལྟ་ཞིབ་དཔོན། ལྟ་ཞིབ་པ་སོགས་སྐབས་དང་པོའི་ཚན་ཁག་གི་ཁོངས་མི་བདམས་ཐོན་བྱུང་བར་མ་ཟད།དུས་མཚུངས་སུ་ཚོང་ཚོགས་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ་སོགས་ཏང་རྩ་འཛུགས་ཀྱི་ཁོངས་མི་བདམས་ཐོན་བྱུང་ཡོད།དུས་དེ་ནས་བཟུང་ཁྲོམ་གཞུང་ཚོང་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་འགོ་ཚུགས་པ་རེད།
བརྒྱད་གཅིག་ཁྲོམ་གཞུང་ཚོང་ཚོགས་ཀྱི་དྲུང་ཆེ་བསམ་སྐྱིད་ཀྱིས་ཁྲོམ་གཞུང་ཚོང་ཚོགས་ཚན་པའི་ཁོངས་མིར་བདམས་ཐོན་བྱུང་བར་ཧ་ཅང་དགའ་པོ་བྱུང་། རྗེས་མར་བརྒྱད་གཅིག་ཁྲོམ་གཞུང་ཚོང་ཚོགས་ཀྱིས་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱས་ཏེ་སྡེ་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་། སྡེ་ཁུལ་གྱི་སྤྱི་ཕན་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། སྲིད་གཞུང་དང་འབྲེལ་ཡོད་འགན་ནུས་སྡེ་ཚན་དང་སྐད་ཆ་ཤོད་རེས་ཀྱི་ལམ་སྲོལ་ཧུར་ཐག་འཛུགས་རྒྱུ་བཅས་ཡིན། ཁྲེང་ཀོན་ཆུས་ཨུད་དང་། ཆུས་སྲིད་གཞུང་། དེ་བཞིན་བརྒྱད་གཅིག་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་འགོ་ཁྲིད་འོག་བརྒྱད་གཅིག་ཁྲོམ་གཞུང་ཚོང་ཚོགས་སྔར་བས་སྟོབས་ཆེར་འགྱུར་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད་ཅེས་བཤད།
བརྒྱད་གཅིག་ཁྲོམ་གཞུང་ཚོང་ཚོགས་དངོས་སུ་བཙུགས་པ་དེས་བོད་རང་སྐྱོང་ལྗོངས་སུ་ཁྲོམ་གཞུང་ཚོང་ཚོགས་སྔར་མེད་གསར་དུ་བྱུང་བ་དང་། ཞིབ་ཕྲའི་བྱ་ཐབས་སྤྱད་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བཏོན་པའི་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་རྒྱུ་དང་ལས་རིགས་མཐུན་ཚོགས་ཀྱི་ཚོང་ཚོགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་པ་དེ་ནི་བོད་ཀྱི་དམངས་གཉེར་དཔལ་འབྱོར་ཁྱབ་ཁོངས་དང་བོད་ཀྱི་ཚོང་ཚོགས་རྩ་འཛུགས་འཛུགས་སྐྱོང་སྒྱུར་བཅོས་འཕེལ་རིམ་ཁྲོད་ཀྱི་དོན་ཆེན་ཞིག་རེད། རྗེས་མཐུད་ལས་དོན་ཁྲོད་ཚོང་ཚོགས་ཀྱིས་ད་དུང་ཚོགས་ཁོངས་ཚན་པར་ལས་གཏོད་མ་འཇོག་གི་རྒྱབ་སྐྱོར་བྱ་རྒྱུ་སྔར་བས་འཚོལ་ཞིབ་བྱས་ཏེ་རང་ངོས་ཀྱི་ཐོན་ཁུངས་དང་ལེགས་ཆ་སྤྱད་དེ་ཆ་རྐྱེན་འཛོམས་པའི་ཚོགས་ཁོངས་ཚན་པར་ལས་གཏོད་མ་འཇོག་གི་ཁྲིད་སྟོན་མ་དངུལ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་སོགས་ཀྱི་རོགས་རམ་མཁོ་འདོན་བྱ་རྒྱུ་དང་ཆབས་ཅིག་ཕྱི་ཕྱོགས་ཀྱི་མ་འཇོག་སྒྲིག་གཞི་དང་མ་འཇོག་མཁན་གྱི་ཐོན་ཁུངས་ནང་འདྲེན་བྱས་ནས་ཚོགས་ཁོངས་ཚན་པར་མ་དངུལ་བསྡུ་སྒྲིལ་གྱི་ཐབས་ལམ་དང་མཉམ་ལས་ཀྱི་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱ་རྒྱུ་མ་ཟད། ལས་གཏོད་མ་འཇོག་ལ་བརྟེན་ནས་རྒྱབ་སྐྱོར་བྱེད་པ་དང་། ཚོགས་ཁོངས་སྡེ་ཚན་གྱིས་གསར་གཏོད་འཕེལ་རྒྱས་དང་།རིཊ་སྒྱུར་རིམ་སྤོར།མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བཅས་མངོན་འགྱུར་ཡོང་བར་རོགས་རམ་བྱ་རྒྱུ་རེད།
བརྒྱད་གཅིག་ཁྲོམ་གཞུང་ཚོང་ཚོགས་ཀྱི་ཚོགས་གཙོ་ནོར་བུ་ཚེ་རིང་གིས་དུས་མཇུག་ཏུ་ཚོང་ཚོགས་ཀྱིས་ད་དུང་ཐོན་ཁུངས་མཉམ་སྤྱོད་ཀྱི་ལས་སྟེགས་བཙུགས་ཏེ།ལས་སྟེགས་བརྒྱུད་ཚོང་ཚོགས་ནང་ཁུལ་གྱི་ཁེ་ལས་དབར་ཕན་ཚུན་ཤེས་རྟོགས་ཐུབ་རྒྱུར་སྐུལ་འདེད་བཏང་ནས་ལས་སྟེགས་དེ་སླར་ཡང་དེ་བས་རྒྱ་ཆེ་བའི་ཁྲོམ་རར་སྐུལ་འདེད་གཏོང་བ་དང་། ཚོང་ལས་ལ་བརྟེན་ནས་ཚོང་པ་གསོ་སྐྱོང་དང་ཚོགས་ཁོངས་ཚན་པར་ཕན་པ་དངོས་ཐོབ་པར་བྱེད་པ་དང་ཆབས་ཅིག་ལས་སྟེགས་བརྒྱུད་ཚོང་ཚོགས་དྲིལ་བསྒྲགས་བྱ་རྒྱུའི་རེ་བ་ཡོད་ཅེས་དང་།ཁོང་གིས་རྗེས་མའི་ལས་ཀའི་འཆར་འགོད་དོན་འཁྱོལ་ཡག་པོ་བྱེད་པ་དང་ཚོང་ཚོགས་ཀྱི་ལས་དོན་ཁག་མཐུན་སྦྱོར་ངང་འཕེལ་རྒྱས་ཡག་པོ་གཏོང་རྒྱུར་ང་ཚོར་ཡིད་ཆེས་ཆེན་པོ་ཡོད་ཅེས་བཤད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社