ཤིན་ཧྭ་གསར་འགྱུར་ཁང་ཧྲོའར་ནས་ཟླ་8ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན།ཡ་རབས་ཀྱི་གཏམ་རྒྱུད་ཅེས་པའི་ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་གཞོན་ནུའི་སྤེལ་རེས་ཚོགས་འདུ་སྟེ་ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་གྱོན་ཆས་སྒྱུ་རྩལ་སྤེལ་རེས་འགྲེམས་སྟོན་དེ་ལྷོ་ཁོ་རེ་ཡའི་ཧྲོའར་རུ་འཚོགས་པ་རེད། ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་རྒྱལ་ཁབ་གཉིས་ཀྱི་རིག་གནས་སྒྱུ་རྩལ་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་། མཁས་དབང་། གཞོན་ནུའི་འཐུས་མི་སོགས་མི་90ལྷག་ཙམ་ཞུགས་ཡོད་པ་རེད།
གཞོན་ནུའི་སྤེལ་རེས་ནང་། རྒྱལ་ཁབ་གཉིས་པོའི་སྐུ་མགྲོན་ཚོས་རང་སོ་སོས་བརྒྱུད་མྱོང་བའི་ཡ་རབས་ཀྱི་གཏམ་རྒྱུད་མཉམ་སྤྱོད་བྱས་པ་རེད། ཁོང་ཚོས་མུ་མཐུད་ནས་སྤེལ་རེས་བྱས་པ་བརྒྱུད།རྒྱལ་ཁབ་གཉིས་པོའི་གཞོན་ནུའི་དབར་ཕན་ཚུན་ཤེས་རྟོགས་བྱེད་ཚད་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་ཡོང་བར་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་མཉམ་ལས་ཀྱི་འབྱུང་འགྱུར་ཞིག་ཐུན་མོང་ཐོག་གཏོད་རྒྱུའི་རེ་བ་ཡོད།
བྱེད་སྒོའི་རིང་། རྒྱལ་ཁབ་གཉིས་པོའི་སྐུ་མགྲོན་གྱིས་ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་གྱོན་ཆས་སྒྱུ་རྩལ་སྤེལ་རེས་ཀྱི་འགྲེམས་སྟོན་ལ་ཐུན་མོང་ཐོག་བལྟས་པ་རེད། འགྲེམས་སྟོན་ནང་ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་30ལྷག་ཙམ་རིང་གི་གྱོན་ཆས་སྒྱུ་རྩལ་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ལ་ཕྱིར་དྲན་བྱས་པ་རེད།
ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་ཕྱི་ཕྱོགས་ཁྱབ་གདལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཤིས་ཚིག་གསུང་སྐབས། གཞོན་ནུ་ནི་དུས་རབས་ཀྱི་གདོང་ལེན་པ་དང་འཛམ་གླིང་གི་མ་འོངས་པ་ཡིན་པ་དང་། མིའི་རིགས་ཀྱི་ཤེས་དཔལ་རྒྱུན་འཛིན་བྱེད་མཁན་དང་གསར་གཏོད་བྱེད་མཁན་ཡང་ཡིན་ལ། རིག་གནས་སྤེལ་རེས་ནང་ཞུགས་མཁན་ཡག་ཤོས་དེ་ཡང་ཡིན། ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་གཞོན་ནུ་ཚོས་སྒོ་དབྱེའི་སེམས་ཁམས་དང་ཁོང་ཡངས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཕན་ཚུན་གྱི་བསམ་བློ་དང་ལྟ་བ་སྤེལ་རེས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རེས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
ལྷོ་ཁོ་རེ་ཡའི་ཨེ་ཤེ་ཡ་ཤར་མའི་རིག་གནས་ལྟེ་གནས་ཀྱི་ཡོན་ཀྲང་ལུའུ་ཙའེ་ཤན་གྱིས་གཞོན་ནུ་ནི་ལྷོ་ཁོ་རེ་ཡ་དང་ཀྲུང་གོའི་མཛའ་གྲོགས་སྤེལ་རེས་ཀྱི་གཙོ་ཤུགས་དམག་ཡིན་ལ། ལྷོ་ཁོ་རེ་ཡ་དང་ཀྲུང་གོའི་འབྱུང་འགྱུར་འཕེལ་རྒྱས་ཀྱི་རེ་བ་ཡང་ཡིན། ད་ཐེངས་ཀྱི་བྱེད་སྒོ་དེ་གོ་སྐབས་སུ་བྱས་ཏེ་ཕན་ཚུན་འབྲེལ་མཐུད་བྱེད་པའི་རིག་གནས་ལ་བརྟེན་ནས་རྒྱལ་ཁབ་གཉིས་པོའི་གཞོན་ནུའི་བར་ཐག་ཉེ་རུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་བསམ་ཤེས་དང་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བཤད་པ་རེད། ད་ཐེངས་ཀྱི་བྱེད་སྒོ་དེ་ཀྲུང་གོ་ཕྱི་རྒྱལ་རིག་གནས་ཅུས་རྒྱལ་སྤྱིའི་བརྒྱུད་སྤེལ་འཕེལ་རྒྱས་ལྟེ་གནས་དང་། ཀྲུང་དབྱང་མཛེས་རྩལ་སློབ་གླིང་སོགས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་ཞིག་རེད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社