ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་4ཉིན་གློག་འཕྲིན་འབྱོར་གསལ།ཚེས་4ཉིན།གསར་འགོད་པས་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན།ཕྱོགས་མང་པོའི་གྲོས་མོལ་དང་ཞིབ་འཇུག་བརྡར་ཤ་བཅད་པར་གཞིགས་ན།མ་འོངས་པའི་ཉིན་གསུམ་ནང་རང་རྒྱལ་དུ་སྤྱིར་ཁྱོན་ཡོངས་ལ་ཆར་པ་ཆུང་བ་དང་ས་གནས་ཁག་གཅིག་ལ་དྲག་ཆར་འབབ་པའི་ཁྱད་ཆོས་མངོན་རྒྱུ་དང་།བྱང་ཤར་ས་ཁུལ་དང་།ཧོང་ཧོའེ།ཡུན་ནན་སོགས་ས་ཁུལ་དུ་སྔར་བཞིན་ཆར་པ་མངོན་གསལ་དོད་པོ་འབབ་རྒྱུ།ལིའོ་ཧོ་དང་སུང་ཧྭ་གཙང་པོའི་ཅི་ལིན་དུམ་བུ་སོགས་སུ་སྔར་བཞིན་ཆུ་ཉེན་གྱི་ཚད་ཐིག་ལས་བརྒལ་ནས་འབྲུབ་འགོག་གི་དུས་བབ་ཛ་དྲག་པོ་ཡོང་རྒྱུ་རེད།
ཚེས་4ཉིན།རྒྱལ་ཁབ་འགོག་སྲུང་སྤྱི་ཁྱབ་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་གནམ་གཤིས་དང་།ཆུ་བེད།རང་བྱུང་ཐོན་ཁུངས་སོགས་སྡེ་ཚན་མུ་མཐུད་སྒྲིག་འཛུགས་བྱས་ནས་མཉམ་འབྲེལ་གྲོས་མོལ་བྱས་ཏེ་ནང་སོག་དང་།ལེའོ་ཉིང་།ཅི་ལིན།ཧེ་ལུང་ཅང་། ཧུའུ་ནན།སི་ཁྲོན་སོགས་གཙོ་གནད་ཞིང་ཆེན་ལ་བརྙན་ལམ་ཐོག་ནས་བཀོད་གཏོང་བྱས་ཏེ་ཆར་ཆུ་དང་ཆུ་རྒྱས་པའི་གནས་ཚུལ་འགྱུར་ལྡོག་འགྲོ་ཚུལ་ལ་ཞིབ་འཇུག་བརྡར་ཤ་གཅོད་པ་དང་གཙོ་གནད་ས་ཁུལ་གྱི་འབྲུབ་འགོག་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས་ཡོད།
འཕྲལ་སྡོམ་དོ་དམ་པུའི་འབྲེལ་ཡོད་འགན་འཁུར་བས་གྲོས་མོལ་བྱེད་རིང་།སྡེ་ཚན་ཁག་དང་ལས་རིགས་ཁག་གི་འབྲུབ་འགོག་འགན་འཁྲི་མུ་མཐུད་ནན་འགེལ་བྱས་ནས་འགན་འཁྲིའི་ཁྱབ་ཁོངས་ཡོངས་སུ་ཁྱབ་རྒྱུའི་འགན་ལེན་བྱེད་དགོས། ངལ་དུབ་དང་དམག་འཁྲུག་ལ་སུན་སྣང་གི་བསམ་བློ་ཁྱད་བསད་བྱས་ནས་ཆུ་ཉེན་གྱི་ཚད་ཐིག་ལས་བརྒལ་བའི་ཆུ་རགས་དུམ་བུར་ཉེན་ཟོན་སྐོར་ཞིབ་དང་འགོག་སྲུང་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་དགོས་པ་དང་ལྷག་པར་དུ་མཚན་མོ་དང་ཆུ་ཆུང་དུ་འགྲོ་སྐབས་ཀྱི་སྐོར་ཞིབ་དང་འགོག་སྲུང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།དྲག་ཆར་དང་ཆུ་ལོག་ཞོད་སྐྱོན་ལས་བྱུང་བའི་ཞོར་ཐོན་གནོད་འཚེ་ལ་དོགས་ཟོན་ཆེན་པོ་བྱས་ནས་ས་ཁུལ་ཁ་ཤས་ཀྱི་གཞུང་ལམ་ཐོག་རི་ཉིལ་བ་དང་ཟམ་པ་རྡིབ་ནས་མང་ཚོགས་ཤི་རྨས་བྱུང་བའི་བསླབ་བྱ་གང་ལེགས་བླངས་ཏེ། ཆུ་དང་འབྲེལ་བའི་མཛེས་ལྗོངས་ཁུལ་དང་། རི་ལྡེབས་དང་གཡང་གཟར་འགྲམ་གྱི་འགྲིམ་འགྲུལ་གཙོ་ལམ་གྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་དགོས།ཞོད་སྐྱོན་གནོད་སེལ་དང་རིམས་འགོག་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་གནོད་འཚེ་བྱུང་རྗེས་བསྐྱར་སྐྲུན་སླར་གསོ་མགྱོགས་སུ་གཏོང་དགོས་ཞེས་བསྟན་ཡོད།
གཞན་ཡང་རྒྱལ་ཁབ་འགོག་སྲུང་སྤྱི་ཁྱབ་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུས་ཉིན་དེར་བཟོ་ལས་ཆ་འཕྲིན་ཅན་པུའུ་དང་མཉམ་དུ་མི་མེད་གནམ་གྲུ་1ཛ་དྲག་ངང་མངགས་ནས་སི་ཁྲོན་དར་རྩེ་མདོའི་གནོད་འཚེ་ཕོག་པའི་ས་ཁོངས་སུ་གནོད་འཚེའི་གནས་ཚུལ་ལ་མྱུལ་ཞིབ་དང་འཕྲིན་གཏོང་འགན་ལེན་གྱི་ལས་འགན་བསྒྲུབས་པ་དང་།དུས་འགོར་མངགས་པའི་ལས་དོན་ཚོགས་ཆུང་གིས་ལེའོ་ཉིང་དང་།ཅི་ལིན།ཧུའུ་ནན་བཅས་སུ་འབྲུབ་འགོག་ཞོད་འགོག་གི་ཉེན་སེལ་ལས་དོན་ལ་མུ་མཐུད་གཞོགས་འདེགས་མཛུབ་ཁྲིད་བྱས་པ་རེད།ཚེས་2ཉིན་གྱི་ཆུ་ཚོད་15པ་ནས་ཚེས་3ཉིན་གྱི་ཆུ་ཚོད་15པའི་བར་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་ཞོད་འགོག་ཉེན་སེལ་ཐེངས་39ནང་ཞུགས་པ་དང་མེ་ཟོན་རོགས་སྐྱོབ་མི་སྣ་མི་ཐེངས་2722བཏང་ནས་མི་729ལ་རོགས་སྐྱོབ་ཁ་འགྲེམས་དང་གནས་སྤོ་བྱས་པ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社