分享按钮

རིག་གནས་ཀྱི་གསོལ་སྟོན་ལ་ལོངས་སུ་སྤྱད་དེ་ངོ་མཚར་ཆེ་བའི་ཞོ་སྟོན་ལ་རོལ་བ།

(པར་ངོས་དང་པོར་མཐུད)ཞོ་སྟོན་རིང་ང་ཚོས་བོད་ཀྱི་སྲོལ་རྒྱུན་ལྷ་མོའི་འཁྲབ་སྟོན་མང་ཚོགས་དང་ལྟ་སྐོར་དུ་ཡོང་བའི་ཡུལ་སྐོར་བའི་སྤྱན་ལམ་དུ་བཤམས་ནས།ལྷ་མོའི་རིག་གནས་ཀྱི་ནང་དོན་གཏིང་ཟབ་མོ་རྒྱུན་འཛིན་དང་དར་སྤེལ་བཏང་བས་ཧ་ཅང་དགའ་པོ་བྱུང་། མི་དེ་བས་མང་བས་བོད་ཀྱི་སྲོལ་རྒྱུན་ལྷ་མོར་མྱོང་རོལ་དང་རྒྱུས་ལོན་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད།

ལྷ་མོ་ནི་ལོ་རྒྱུས་ཡུན་རིང་ལྡན་པ་དང་། གཞས་མ་གཏམ་དང་། འཁྲབ་སྟོན། གླུ་གར། རྩོམ་རིག་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་ཀྱི་སྒྱུ་རྩལ་ཞིག་ཡིན་པས།བོད་ཀྱི་རིག་གནས་ཀྱི་འགྱུར་རྡོ་གསོན་པོ་ཡིན་ཞེས་བརྗོད་ཀྱི་ཡོད། 2006ལོར། ལྷ་མོ་འདི་ཉིད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོའི་མིང་གཞུང་ནང་བཅུག་པ་དང་། 2009ལོར། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་བརྩམས་ཆོས་ཀྱི་མིང་གཞུང་ནང་བཅུག་ཡོད། ལྷ་མོར་བོད་རིགས་ཀྱི་རིག་གནས་ཀྱི་སྲོལ་རྒྱུན་ལྡན་པ་དང་། བོད་རིགས་མི་དམངས་ཀྱི་འཚོ་བའི་རྣམ་པ་དང་བསམ་བློའི་བརྩེ་དུང་མཚོན་ཡོད་པས། བོད་རིགས་མི་དམངས་ཀྱི་བསམ་པའི་འཚོ་བའི་ཁྲོད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་གནས་བབ་བཟུང་ཡོད།

ཧུའུ་པེ་ནས་ཡོང་བའི་ཡུལ་སྐོར་བ་སྐུ་ཞབས་ཀྲང་ལགས་ཀྱིས་དེ་རིང་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་ཡོང་བ་དང་ཏག་ཏག་འདི་གར་ལྷ་མོའི་འཁྲབ་སྟོན་བྱེད་བཞིན་ཡོད་པ་དང་སྐབས་འཁེལ་བྱུང་། སྐད་བརྡ་མ་འཕྲོད་ཀྱང་དུས་ཆེན་གྱི་རྣམ་པ་ཟབ་པོ་ཡོད་པ་དང་འཁྲབ་སྟོན་པ་ཚོའི་གྱོན་ཆས་ཀྱང་ཧ་ཅང་མཛེས་པོ་འདུག ཕྱི་དྲོ་པར་ལེན་རྩིས་ཡོད། བོད་ནི་ཧ་ཅང་མཛེས་སྡུག་ལྡན་པ་ཞིག་ཡོད་པས་འདི་གར་སླེབས་རྗེས་ས་ཆ་གཞན་དུ་འགྲོ་འདོད་མི་འདུག་ཅེས་བཤད།

གྲོང་མི་པད་མ་བཀྲ་ཤིས་ཀྱིས་རྒྱུན་དུ་ང་ལྗོངས་ཕྱིར་ལས་ཀ་དང་སློབ་སྦྱོང་བྱེད་ཀྱི་ཡོད་པས་ལྷ་མོའི་འཁྲབ་སྟོན་ལ་ལྟ་བའི་གོ་སྐབས་མེད། དེ་རིང་ཆེད་མངགས་ནང་མི་དང་མཉམ་དུ་ལྷ་མོའི་འཁྲབ་སྟོན་ལ་ལྟ་བར་ཡོང་བ་ཡིན། བལྟས་པའི་མྱོང་ཚོར་དང་པོ་ནི་ང་ཚོའི་བོད་ཀྱི་རིག་གནས་རྒྱ་ཆེ་ཞིང་གཏིང་ཟབ་པོ་ཡོད་པ་དེ་ཡིན། སླད་ཕྱིན་རིག་གནས་ཀྱི་སྙིང་བཅུད་དེ་དག་དང་འབྲེལ་འདྲིས་བྱེད་པའི་གོ་སྐབས་དེ་བས་མང་བ་བྱུང་ནས་ང་ཚོའི་རིག་གནས་རྒྱུན་འཛིན་ཐུབ་པའི་རེ་བ་ཡོད་ཅེས་བཤད།

2024ལོའི་ལྷ་སའི་ཕུལ་བྱུང་ལྷ་མོའི་འཁྲབ་སྟོན་བྱེད་སྒོ་དེ་ལྷ་ས་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱིས་གཉེར་འགན་ཁུར་བ་དང་ཕོ་བྲང་པོ་ཏ་ལ་ཐང་ཆེན་དོ་དམ་ཁྲུའུ་དང་གྲོང་ཁྱེར་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས་ཀྱིས་གཞོགས་འདེགས་བྱས་པ་རེད། བྱེད་སྒོ་དེ་ཟླ་8ཚེས་4ཉིན་ནས་འགོ་ཚུགས་པ་དང་ཟླ་8ཚེས་6ཉིན་བར་རྒྱུན་མཐུད་བྱ་རྒྱུ་ཡིན་ཞིང་། དེའི་རིང་སྙེ་མོ་དར་གྲོང་ལྷ་མོ་རུ་ཁག་དང་། སྟོད་ལུང་བདེ་ཆེན་ཆུས་དགའ་གདོང་ལྷ་མོ་རུ་ཁག སྟག་རྩེ་ཆུས་བདེ་ཆེན་ལྷ་མོ་རུ་ཁག སྟོད་ལུང་བདེ་ཆེན་ཆུས་མཚོ་སྨད་ལྷ་མོ་རུ་ཁག་བཅས་ཀྱིས《བཀྲ་ཤིས་ཞོལ་པ》དང་། 《སྣང་ས་འོད་འབུམ》《འགྲོ་བ་བཟང་མོ》《ཆོས་རྒྱལ་ནོར་བཟང》སོགས་ངོ་མཚར་ཆེ་བའི་ལྷ་མོ་འཁྲབ་སྟོན་བྱ་རྒྱུ་རེད། ལྷ་ས་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཅུས་ཀྲང་གཞོན་པ་ལྷག་སྒྲོན་གྱིས་དེ་རིང་ནི་ཞོ་སྟོན་གྱི་ཉིན་དང་པོ་དེ་ཡིན་ཞིང་། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་ཆབས་ཅིག་རྒྱ་ཆེའི་ཡུལ་སྐོར་བས་མངོན་མིན་རིག་གནས་ཤུལ་བཞག་ལ་མྱོང་ཚོར་ཐུབ་པར་བྱ་ཆེད། ང་ཚོས་རྫོང་རྒྱབ་ཀླུ་ཁང་དུ་ཕུལ་བྱུང་ལྷ་མོའི་འཁྲབ་སྟོན་བྱས་པར་གྲོང་མི་དང་ཡུལ་སྐོར་གྲོགས་པོ་ཚོའི་དགའ་བསུ་ཐོབ་ཡོད། གཞན་ཡང་ང་ཚོས་ད་དུང་མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་སྤེལ་བའི་བྱེད་སྒོ་སྤེལ་ནས་ལོ་ཆུང་གྲོགས་པོ་ཚོས་ཆུང་དུས་ནས་མངོན་མིན་རིག་གནས་ཤུལ་བཞག་ལ་ཤེས་རྟོགས་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་ངོ་སྤྲོད་གནང་བ་རེད།

ལྷ་མོའི་འཁྲབ་སྟོན་བྱས་པ་ཕུད། རྟ་རྒྱུག་འདུ་ཚོགས་དང་། གྲགས་ཅན་གཞས་པ་གཞས་མའི་གླུ་གཞས་འདུ་ཚོགས་སོགས་ངོ་མཚར་ཆེ་བའི་བྱེད་སྒོ་ཡང་མུ་མཐུད་གཉེར་རྒྱུ་དང་། སྣ་མང་ཕུན་སུམ་ཚོགས་པའི་དམངས་སྲོལ་བྱེད་སྒོ་དང་རིག་རྩལ་འཁྲབ་སྟོན་གྱིས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བས་བརྗེད་པར་དཀའ་བའི་ལྷ་སའི་ཞོ་སྟོན་ལ་རོལ་ཐུབ་པར་བྱ་རྒྱུ་རེད།

ཀོང་ཏུང་གི་ཡུལ་སྐོར་བ་དབྱང་ཆེ་གེ་མོས་གོས་སྐུ་བཀྲམས་པར་བལྟས་རྗེས་སླར་ཡང་རྫོང་རྒྱབ་ཀླུ་ཁང་དུ་ལྷ་མོའི་འཁྲབ་སྟོན་བལྟ་བར་ཡོང་ཞིང་། ཁོང་གིས་དེ་རིང་ལྷ་སའི་ཞོ་སྟོན་གྱི་ཉིན་དང་པོ་ཡིན་པ་དང་། ཞོ་སྟོན་གྱི་བྱེད་སྒོ་ཡང་ཧ་ཅང་ཕུན་སུམ་ཚོཊ་ལ་གོ་སྐབས་ཧ་ཅང་ཐོབ་དཀའ་བ་ཞིག་ཡིན། ང་ཡང་བོད་དུ་ཡོང་ཐེངས་དང་པོ་ཡིན། མ་ཡོང་གོང་ངས་ཞོ་སྟོན་ལ་རྒྱུས་ལོན་བྱེད་མྱོང་ཡོད་པས། ཆེད་མངཊ་མྱོར་རོལ་བྱེད་པར་ཡོང་བ་ཡིན། བྱེད་སྒོ་འདིས་ང་ཚོས་ལྷ་སའི་ལོ་རྒྱུས་དང་བོད་ཀྱི་རིག་གནས་ལ་རྒྱུས་ལོན་བྱེད་པར་ཕན་པ་ངེས་ཅན་བྱུང་ཞེས་བཤད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-06 6 6 拉萨日报藏文 c185970.html 1 རིག་གནས་ཀྱི་གསོལ་སྟོན་ལ་ལོངས་སུ་སྤྱད་དེ་ངོ་མཚར་ཆེ་བའི་ཞོ་སྟོན་ལ་རོལ་བ། /enpproperty-->