分享按钮

ཧུའུ་ནན་ཁྲེན་ཀྲོའུ་ཡིས་ཙི་ཤིང་གྲོང་ཁྱེར་གྱི་གེགས་རྗེས་བསྐྱར་སྐྲུན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་སྤེལ་འགོ་ཚུགས་པ།

ཤིན་ཧྭ་གསར་འགྱུར་ཁང་ཁྲང་ཧྲ་ནས་ཟླ་8ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན་གསར་འགོད་པས་ཧུའུ་ནན་ཞིང་ཆེན་ཁྲེན་ཀྲོའུ་གྲོང་ཁྱེར་ཏང་ཨུད་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན།ཁྲེན་ཀྲོའུ་གྲོང་ཁྱེར་ཏང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཙི་ཤིང་གྲོང་ཁྱེར་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་སྤྱོད་སྤེལ་ནས་ཁོངས་གཏོགས་ཀྱི་པེ་ཧུའུ་ཆུས་དང་། སུའུ་ཞན་ཆུས།ཀུའེ་དབྱང་རྫོང་སོགས་རྫོང(ཆུས)10ཡིས་ཙི་ཤིང་གི་གནོད་འཚེ་ཚབས་ཆེན་ཕོག་པའི་ཤང་དང་གྲོང་རྡལ་6ལ་རོགས་སྐྱོར་བྱ་རྒྱུ་ཁ་གསལ་བཟོས་པ་རེད།

ཚེས་3ཉིན་གྱི་སྔ་དྲོ་ཁྲེན་ཀྲོའུ་ཡི་རྫོང(ཆུས)ཁག་གི་སྔོན་སྐྱོད་ཆེད་མངགས་ཚོགས་ཆུང་ཙི་ཤིང་གྲོང་ཁྱེར་དུ་འབྱོར་བ་དང་། ལག་རྩལ་མི་སྣ་92དང་། ཡུལ་དམག་མི་གྲངས་300ལྷག་ཙམ།རྐོ་འདྲུའི་འཕྲུལ་འཁོར་19 མཐོ་གནོན་ཆུ་འཐེན་འཕྲུལ་འཁོར་25 འཚོ་བའི་དངོས་ཟོག་དོ་པོ་ཁྲི་3ལྷག་ཙམ་སོགས་དམིགས་སར་འབྱོར་ཡོད་པ་རེད། གཞན་ཡང་མི་2000ལ་ཉེ་བའི་རོགས་སྐྱོར་རུ་ཁག་དང་སྒྲིག་ཆས་གཅིག་རྗེས་གཉིས་མཐུད་ངང་འབྱོར་བཞིན་ཡོད། ཁྲེན་ཀྲོའུ་གྲོང་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིཊ་ན། ཁྲེན་ཀྲོའུ་ཡི་རྫོང(ཆུས)ཁག་གིས་ཙི་ཤིང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་འགན་གཙོ་བོ་ནི་མངོན་མེད་རྐྱེན་ངན་ཞིབ་བཤེར་དང་། ཁོར་ཡུག་གཙང་མར་བཟོ་བ། འཚོ་བར་འགན་ལེན།ལས་ཞུགས་ལ་རོགས་རམ་བཅས་བྱ་རྒྱུ་དེ་ཡིན་པ་དང་རོགས་སྐྱོར་གྲོང་ཚོ་ཚང་མར་ཉེན་ཁར་ཞིབ་བཤེར་དང་གཙང་སྦྲ་བྱེད་མཁན་སོགས་ཆེད་ལས་དཔུང་ཁག་གི་མི་གྲངས་50ཙམ་མངགས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་ཐུབ་རྒྱུར་རོགས་རམ་བྱ་རྒྱུ་ཡིན་པ་རེད།

རྒྱ་མཚོའི་རླུང་འཚུབ“ཀེ་མེའི”ཤུཊརྐྱེན་ཐེབས་པའི་དབང་གིས་ཁྲེན་ཀྲོའུ་ཁོངས་གཏོཊ་ཀྱི་ཙི་ཤིང་གྲོང་ཁྱེར་གྱི་ས་ཆ་མང་པོར་ཆར་པ་དྲག་པོ་བབས་ནས་གནོད་འཚེ་ཕོག་པ་དང་ས་གནས་དེ་གའི་འཕྲལ་སྡོམ་རོགས་སྐྱོབ་དང་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་སྤེལ་བཞིན་ཡོད་པ་རེད། ཚེས་3ཉིན་གྱི་ཆུ་ཚོད་12བར་ཙི་ཤིང་གྲོང་ཁྱེར་དུ་གནོད་འཚེ་ཕོག་པའི་མི་འབོར་ཁྲི་11.8ལྷག་ཙམ་ཟིན་པ་དང་དུད་ཚང་925ཡི་ཁང་པ་1641རྡིབ་པ། གྲོང་ཚོ་12ཀྱི་གཞུང་ལམ་སྤྱི་ལེ་53.5སྔར་བཞིན་ཤར་གཏོང་ཐུབ་མེད་པ་རེད།རོགས་སྐྱོབ་སྟོབས་ཤུགས་ཀྱིས་ཐད་འཕུར་གནམ་གྲུ་ཐེངས་376བཏང་བ་དང་མཁའ་ཐོག་ནས་དངོས་ཟོག་ཏུན་127.5དབོར་ཡོད་པ་རེད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-05 6 6 拉萨日报藏文 c185783.html 1 ཧུའུ་ནན་ཁྲེན་ཀྲོའུ་ཡིས་ཙི་ཤིང་གྲོང་ཁྱེར་གྱི་གེགས་རྗེས་བསྐྱར་སྐྲུན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་སྤེལ་འགོ་ཚུགས་པ། /enpproperty-->