ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དབྱར་མཇུག་དུས་སུ་སྙེ་མའི་དྲི་ཞིམ་འཐུལ།ལྷ་སའི་ཁོངས་གཏོགས་ཀྱི་སྲིད་འཛིན་གྲོང་ཚོ་ཁག་གིས་ཞིང་བྲེལ་དུས་ཀྱི་འོང་སྐོར་དགའ་གཏོང་བྱེད་བཞིན་ཡོད། ལྷ་སའི་མཐོ་གསར་ཁུལ་སྣེའུ་ཁྲོམ་གཞུང་བདེ་གཡང་གྲོང་ཚོར་གྲོང་མི་ཚོས་འོང་སྐོར་གྱི་བྱེད་སྒོ་གཟབ་རྒྱས་སྤེལ་ནས་འདི་ལོ་ལོ་ལེགས་ཡོང་བར་རྟེན་འབྲེལ་ཞུ་བཞིན་མཆིས།
ཟླ་7ཚེས་30ཉིན་གྱི་ཞོགས་པ་སྔ་པོར་བདེ་ཡངས་གྲོང་ཚོའི་གྲོང་མི་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ནས་ཞིང་ཁ་བསྐོར་བའི་ལམ་ལ་ཆས། ཞིང་ཁའི་ནང་དུ་ནས་ཀྱི་སྙེ་མ་སྨིན་ཟིན་པ་དང་།རི་འདེབས་སྔོ་ཐིང་ངེར་གནས་ཡོད་ཅིང་། གྲོང་མི་ཚོས་ཆེས་གནའ་བོའི་ལུགས་སྲོལ་རྒྱུན་འཛིན་བྱས་ཏེ་གྲོང་ཚོ་ཡོངས་ཀྱི་ཞིང་ཁར་སྐོར་བ་ཐེངས་གཅིག་བརྒྱབ་པ་དང་།ཞིང་མགོ་རུ་བསང་ཁ་བསང་གསོལ་བྱས་པས་མི་ཚང་མའི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར།
ཉིན་ཕྱེད་ཡོལ་རྗེས།ཞིང་ཁ་བསྐོར་མཁན་གྱི་རུ་ཁག་གྲོང་ཚོར་འབྱོར་ནས་མཐའ་མའི་གསོལ་འདེབས་ཀྱི་མཛད་སྒོ་སྤེལ་ཡོད། གླུ་ལེན་གར་འཁྲབ་ཀྱི་རྣམ་པའི་ཁྲོད་ཞིང་ཁ་བསྐོར་ནས་སྨོན་ལམ་འདེབས་པའི་མཛད་སྒོ་བདེ་བླག་ངང་མཇུག་འགྲིལ་ཡོད་ཅིང་། སྲོལ་རྒྱུན་གྱི་ཞིང་ཁ་བསྐོར་ནས་སྨོན་ལམ་འདེབས་པའི་མཛད་སྒོ་ཕུད། བདེ་གཡང་གྲོང་ཚོས་ད་ཐེངས་ཀྱི་འོང་སྐོར་དུས་ཆེན་ཉིན་གསུམ་གཏོང་རྒྱུ་དང་།གྲོང་ཚོའི་ནང་ད་དུང་ངོ་མཚར་ཆེ་བའི་རྟ་རྒྱུག་འགྲན་བསྡུར་དང་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སོགས་སྤེལ་རྒྱུ་ཡིན་པས།དུས་ཆེན་གྱི་རྣམ་པ་འཁྲུག་ཏུ་ཕྱིན་པར་མ་ཟད། ཞིང་འབྲོག་པའི་བསམ་པའི་རིག་གནས་འཚོ་བ་ཡང་ཕུན་སུམ་ཚོགས་སུ་ཕྱིན་ནས་ཡུལ་མི་ཚང་མས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་པའི་ཁྲོད་མིག་སྔའི་མཛེས་སྡུག་ལྡན་པའི་འཚོ་བ་ལོངས་སུ་སྤྱོད་ཐུབ་པར་བྱ་རྒྱུ་རེད།
བདེ་གཡང་གྲོང་ཚོའི་ཡུལ་མི་སྤེན་པ་ཆུང་ཐག་གིས་འོང་སྐོར་དུས་ཆེན་ནི་ལོ་རེའི་ཟླ་7པ་དང་8པར་ལོ་ལེགས་བྱུང་བའི་སྐབས་སྤེལ་བའི་དུས་ཆེན་ཞིག་ཡིན། ད་ཆ་དེ་སྔ་དང་བསྡུར་ན་རི་ཀླུང་སྔོ་ལྗང་དུ་གྱུར་བ་དང་གང་སར་ཤིང་ནགས་ཀྱིས་ཁེངས་ཡོད་ལ་མི་རྣམས་ཀྱང་ཕྱུག་པོར་གྱུར་ནས་གྱོན་ཆས་སྔར་བས་ལེགས་སུ་ཕྱིན་པ། བཟའ་བཏུང་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པ་སོགས་ཚང་མའི་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་བཞིན་ཡོད་ཅེས་བཤད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社