ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།བོད་ལྗོངས་འབྲི་གཡག་རྟེན་རྫས་བཤམས་མཛོད་ཁང་གིས་གཙོ་གཉེར་བྱས་པའི་འབྲོག་རའི་སྐྱས་སྤོས་རིག་གནས་ཀྱི་ཚན་རིག་ཁྱབ་གདལ་དུ་གཏོང་བའི་ཞིབ་འཇུག་དང་སློབ་སྦྱོང་སྒར་ས་ཐེངས་གསུམ་པ་དེ་བོད་ལྗོངས་འབྲི་གཡག་རྟེན་རྫས་བཤམས་མཛོད་ཁང་དུ་གཉེར་འགོ་ཚུགས་ཡོད་པ་རེད།
བྱེད་སྒོའི་ཁྲོད།སློབ་མ་ཚོས་འགྲེལ་བཤད་པའི་སྣེ་ཁྲིད་འོག་ས་མཐོའི་འབྲི་གཡག་རིག་གནས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་དང་། འབྲི་གཡག་རིགས་གཅིག་མཁས་ཅན་གྱི་འཆད་ཁྲིད་ལ་ཉན་པར་མ་ཟད། འབྲི་གཡག་གི་གསང་བ་འཚོལ་ཞིབ་བྱེད་པའི་ལམ་ལ་མཉམ་དུ་ཞུགས་པ་རེད། ཞིབ་འཇུག་དང་སློབ་སྦྱོང་སྒར་སའི་སློབ་མའི་ཁྱིམ་བདག་མིག་དམར་གྱིས་ད་ཐེངས་ཀྱི་ཞིབ་འཇུག་དང་སློབ་སྦྱོང་སྒར་སའི་བྱེད་སྒོ་དེ་ཕྲུ་གུའི་ངོས་ནས་བརྗོད་ན་ཐོབ་དཀའ་བའི་གོ་སྐབས་ཤིག་ཡིན་ལ་རང་ཉིད་ལ་སྦྱོང་བརྡར་བྱེད་པའི་གོ་སྐབས་ཤིག་ཀྱང་ཡིན། བྱེད་སྒོ་དེ་རིགས་མུ་མཐུད་སྤེལ་རྒྱུའི་རེ་བ་ཡོད་ཅེས་བཤད།
ད་ཐེངས་ཀྱི་ཞིབ་འཇུག་དང་སློབ་སྦྱོང་དུས་ཡུན་ཉིན་གཉིས་ཡིན་པ་དང་དེའི་རིང་སློབ་མ་ཚོས་རྐང་ཐང་མར་འབྲོག་ཁུལ་དུ་བསྐྱོད་པ་དང་། སྐྱས་སྤོའི་གཏམ་རྒྱུད་ལ་ཉན་པ། སྲོལ་རྒྱུན་གྱི་ཐོན་རྫས་བཟོ་བ། སྲོལ་རྒྱུན་ཞིམ་ཟས་ཀྱི་བྲོ་བ་མྱོང་བ། འབྲོག་རའི་འགྲན་བསྡུར་ནང་ཞུགས་པ། སྲོལ་རྒྱུན་གྱི་ཞབས་བྲོ་སྦྱོང་བ་སོགས་ཀྱི་བྱ་ཐབས་བརྒྱུད། སྤྲོ་སྣང་གི་ཁོར་ཡུག་ཁྲོད་འབྲི་གཡག་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་སྲོལ་རྒྱུན་རིག་གནས་ལ་ཤེས་རྟོགས་ཟབ་ཏུ་གཏོང་རྒྱུ་མ་ཟད། འབྲི་གཡག་གི་ཁུ་ལུ་ལས་སྣོན་ལག་རྩལ་ལ་ཉམས་ལེན་དང་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུཊ་ལ་མྱོང་རོལ་བྱ་རྒྱུ་རེད།
བོད་ལྗོངས་འབྲི་གཡག་རྟེན་རྫས་བཤམས་མཛོད་ཁང་གི་འགོ་ཁྲིད་བསྟན་འཛིན་ཆོས་སྒྲོན་གྱིས་ཞིབ་འཇུག་དང་སློབ་སྦྱོང་གི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་རྟེན་རྫས་བཤམས་མཛོད་ཁང་དེ་གཞོན་ནུ་ལོ་ཆུང་དང་བྱིས་པའི་སློབ་སྦྱོང་བྱ་ཡུལ་གྱི་སློབ་ཁང་གཉིས་པར་བསྐྲུན་ནས་ཕྲུ་གུ་ཚོར་རྟེན་རྫས་བཤམས་མཛོད་ཁང་དུ་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་ཤེས་རྟོགས་ཐུབ་པ་དང་། སློབ་སྦྱོང་གི་མཐོང་རྒྱ་ཆེ་རུ་གཏོང་བ། ཕྲུ་གུ་ཚོ་རང་རྐྱ་འཕེར་བའི་ངང་བསམ་གཞིགས་ཐུབ་པ། ཚོགས་པའི་མཉམ་ལས་ཤེས་པ། གནད་དོན་ཐག་གཅོད་བྱེད་ཤེས་པ་བཅས་སུ་གསོ་སྐྱོང་བྱ་རྒྱུ་དེ་རེད་ཅེས་བཤད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社