ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་སྤེལ་བ་ནས་བཟུང་། གྲོང་ཁྱེར་ཡོངས་ཀྱི་ཁོར་ཡུག་འཕྲོད་བསྟེན་གྱི་རྣམ་པ་གསར་རྐྱང་དུ་གྱུར་བ་དང་གྲོང་ཁྱེར་ཧྲིལ་པོའི་གཟུགས་བརྙན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། འོན་ཀྱང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་དུས་མཚུངས་ངེས་པར་དུ་ཁྲོམ་གཞུང་རྒྱབ་ཀྱི་སྲང་ལམ་ཁག་གཅིག་གི་འཕྲོད་བསྟེན་ཞན་པའི་ཁུག་ཀྱོག་དང་དེ་བཞིན་ཆུ་སྦུག་གི་ཁེབས་གཅོད་ལ་སྐྱོན་ཤོར་བ། གློག་སྐུད་ཟང་ཟིང་ཆེ་བ་སོགས་ཀྱི་བཅོས་དཀའ་བའི་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་དགོས་ཤིང་། དེ་དག་ནི་གྲོང་ཁྱེར་གྱི་གདོང་སྟེང་གི་མི་གཙང་ནག་ནོག་དང་འདྲ་བར་འཕྲལ་དུ་ཉམས་གསོ་བྱེད་དགོས་ཀྱི་ཡོད་པ་རེད།
ཉེ་ཆར། གསར་འགོད་པས་འཁྲུངས་ས་ལམ་དང་འཛམ་གླིང་གསར་པའི་ཉོ་སྒྲུབ་ཐང་ཆེན་ཤར་ཕྱོགས་ཀྱི་མི་བགྲོད་ལམ་ཐོག་བཅར་འདྲི་བྱས་པ་ཡིན། ས་འོག་ཆུ་སྦུག་གི་ཁེབས་གཅོད་བཞི་ལྔ་བསྟུད་མར་གར་སོང་ཆ་མེད་དུ་གྱུར་ནས་ཤིང་ལེབ་རྩུབ་པོ་ཁ་ཤས་ལས་བཀབ་མེད་པར་མ་ཟད། འབར་འབུར་མི་སྙོམས་པ་དང་། ཁག་གཅིག་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ནས་ལྷེབ་ཙམ་ལས་ལྷག་མེད་པར་གྱུར་ཡོད། དེ་ལས་ཀྱང་ཚབས་ཆེ་བ་ནི་ཆུ་སྦུག་གི་ཁེབས་གཅོད་ཐོག་ཨི་ཁུང་ཕིབས་ནས་གློག་སྐུད་ཁྲིད་ཡོད་པས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཆེན་པོ་ལྡན་ཡོད། མུ་མཐུད་མདུན་དུ་སྐྱོད་སྐབས། མི་བགྲོད་ལམ་ཐོག་གི་རྡོ་གཅལ་དང་ལམ་འགྲམ་གྱི་རྡོ་སྐས་ཀྱི་རྡོ་གཅལ་ཡང་ལྷུང་བ་དང་། ཁྲོམ་གཞུང་རྒྱུད་ཀྱི་ཤིང་སྡོང་ཐོག་གྲོང་ཁྱེར་གྱི་རྣམ་པར་མཛེས་རྒྱན་སྤྲས་པའི་གློག་སྐུད་དང་གློག་སྒྲོན་མར་ལྷུང་བ་དང་། ཤིང་སྡོང་བསྐོར་བའི་རྐུབ་སྟེགས་འོག་གད་སྙིགས་ཕུང་གསོག་ཐེབས་པ། མཉམ་སྤྱོད་རྐང་འཁོར་རང་དགར་སྔོ་ལྗང་ཁུལ་དུ་བཞག་པ་བཅས་ལམ་ཧྲིལ་པོའི་ཁོར་ཡུག་གི་གནས་ཚུལ་དེར་མི་རྣམས་སེམས་ཁྲལ་བྱེད་དགོས་པ་ཞིག་ཡོད་པ་མཐོང་བྱུང་།
འཛམ་གླིང་གསར་པའི་ཉོ་སྒྲུབ་ཐང་ཆེན་བྱང་ངོས་ཀྱི་སྐུ་འབུམ་ཐང་ཤར་ལམ་དུ་གསར་འགོད་པས་ལམ་སྒྲོན་མང་པོ་ཞིག་གི་གློག་སྐུད་བླུག་སའི་ཁེབས་གཅོད་མེད་པས་གློག་སྐུད་ཕྱི་རོལ་དུ་དམར་རྗེན་དུ་མངོན་པ་དང་། ལམ་སྒྲོན་ཁག་གཅིག་གི་གློག་སྐུད་ཐད་ཀར་ས་ངོས་སུ་ལྷུང་ནས་མཛེས་ལྗོངས་ལ་ཤུགས་རྐྱེན་ཐེབས་པར་མ་ཟད། ད་དུང་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་ཧ་ཅང་ཆེན་པོ་ཡོད་པ། གཞན་ཡང་མི་བགྲོད་ལམ་ཐོག་ཆག་སྐྱོན་བྱུང་བའི་རྡོ་གཅལ་དང་སོ་ཕག་གི་གད་སྙིགས་འཐོར་ནས་གྲོང་མིའི་འགྲོ་སྐྱོད་ལ་སྟབས་བདེ་པོ་མེད་པ་མཐོང་བྱུང་།
གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྨང་གཞིའི་སྒྲིག་བཀོད་སྲུང་སྐྱོང་མ་ལག་འཐུས་ཚང་དུ་བཏང་སྟེ་གནས་ཚུལ་ཞིབ་ཕྲ་ཚང་མ་ཐག་གཅོད་འོས་འཚམ་ཐུབ་པའི་འགན་ལེན་བྱ་རྒྱུའི་རེ་འབོད་བྱ་རྒྱུ་དང་། ཆབས་ཅིག་རྒྱ་ཆེའི་གྲོང་མི་རྣམས་ཀྱིས་གྲོང་ཁྱེར་གྱི་ཁོར་ཡུག་སྲུང་སྐྱོང་དང་དོ་དམ་ནང་ཧུར་ཐག་ཞུགས་ནས་ཐུན་མོང་ཐོག་དེ་བས་མཛེས་སྡུག་དང་། བདེ་འཇགས། འཚོ་སྡོད་དང་འཕྲོད་པ་བཅས་ཀྱི་ལྷ་ས་གཏོད་རྒྱུའི་རེ་བ་ཞུ་རྒྱུ་ཡིན།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社