(པར་ངོས་དང་པོར་མཐུད)དཔེར་ན་ང་ཚོའི་ཚོང་ཁང་ནང་གྲོང་ཁྱེར(ས་ཁུལ)7གྱི་སྲོལ་རྒྱུན་བོད་ཆས་དང་བོད་ཆས་གསར་པ་ཡོད་ཚད་ཡོད་པས་ཡུལ་སྐོར་བས་དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད། དེ་ནི་ཡུལ་སྐོར་བས་བོད་ཀྱི་རིག་གནས་ལ་ཉམས་ལེན་བྱེད་པའི་ཐད་ཀའི་བྱ་ཐབས་ཤིག་རེད་སྙམ་གྱི་འདུག་ཅེས་བཤད།
ཀོང་ཏུང་གི་ཡུལ་སྐོར་བ་སྐུ་ཞབས་ལིན་གྱིས་ལྷ་སར་སླེབས་མ་ཐག་བར་སྐོར་ཁྲོམ་གཞུང་དུ་བོད་ཆས་གྱོན་ནས་ལོ་ངོ་སྟོང་གི་བོད་ཀྱི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ལ་མྱོང་རོལ་བྱས་པ་དང་། པར་བླངས་ཏེ་ས་གནས་འདི་གའི་མིའི་བདེ་སྐྱིད་དང་འཛུམ་མདངས་ལ་མྱོང་རོལ་བྱས་པར་མ་ཟད། ངོ་མཚར་ཆེ་བའི་ས་ཆ་འདིའི་ནང་མཉམ་འདྲེས་ཐུབ་པའི་ཚོར་སྣང་བྱུང་ཞེས་བཤད།
དྭངས་གཙང་གྲལ་འགྲིག་པའི་གནའ་བོའི་སྲང་ལམ་དུ་སྐྱོད་སྐབས་དེ་སྔའི་སྡོམ་དྲ་ལྟ་བུའི་གློག་སྐུད་མེད་པར་གྱུར་པ་དང་།ཚད་ལྡན་གྱི་མཚོན་རྟགས་བྱང་བུ་སྣ་ཚོགས་དང་འཐུས་སྒོ་ཚང་བའི་ཁོར་ཡུག་འཕྲོད་བསྟེན་སྒྲིག་ཆས་ཀྱིས་གནའ་གྲོང་གི་གསོན་ཤུགས་གསར་པ་མྱོང་ཚོར་ཐུབ་པར་མ་ཟད། རྙིང་པ་ལྟར་ཉམས་གསོ་བྱས་པའི་གནའ་བོའི་སྒོ་ར་ཆེན་པོ་དང་སྲུང་སྐྱོང་འཐུས་སྒོ་ཚང་བའི་རིག་དངོས་གནའ་ཤུལ་གྱི་མདུན་དུ་ལྷ་སའི་གནའ་བོའི་ལོ་རྒྱུས་ཀྱི་ཉམས་འགྱུར་མངོན་བཞིན་ཡོད།
ལོ་ངོ་སྟོང་བརྒྱུད་པའི་བར་སྐོར་ཁྲོམ་གཞུང་གི་སྲོལ་རྒྱུན་ཉམས་འགྱུར་རྒྱུན་འཁྱོངས་ཐུབ་པར་མ་ཟད། འདུ་འཛི་སྔར་བཞིན་ཆེ་བ་དེ་འབྲེལ་ཡོད་སྡེ་ཚན་གྱིས་གནའ་གྲོང་སྲུང་སྐྱོང་ལ་མཐོང་ཆེན་དང་མ་དངུལ་བཏང་བ་དང་ཁ་འབྲལ་ཐབས་མེད། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་སྔ་རྗེས་སུ་གྲོང་ཁུལ་རྙིང་པའི་སྲུང་སྐྱོང་ལས་གྲྭ་ཐེངས་བཞི་ལག་བསྟར་བྱས་པ་དེའི་ནང་ཆུ་འདྲེན་སྒྱུར་བཀོད་དང་། གློག་ཤུགས་སྐུད་ལམ་སྒྱུར་བཀོད། གནའ་གྲོང་གི་ཁྱད་ལྡན་སྲུང་སྐྱོང་ལས་གྲྭ་སོགས་ཚུད་ཡོད་པས་གནའ་བོའི་ཁྲོམ་གཞུང་གི་ལོ་རྒྱུས་ཉམས་འགྱུར་སོར་འཇོག་བྱས་པར་མ་ཟད། གྲོང་མིའི་འཚོ་བའི་སྤུས་ཚད་ཀྱང་མཐོ་རུ་ཕྱིན་ཡོད་པ་རེད། ལྷག་པར་དུ་ན་ནིང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་སྤེལ་བ་ནས་བཟུང་། བར་སྐོར་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་ལས་དོན་པས་བར་སྐོར་ཁྲོམ་གཞུང་ལམ་རྒྱུད་ཀྱི་ཚོང་ཁང་གི་ཕྱི་རོལ་དུ་ཁྲོམ་བཏོན་པར་དམིགས་ནས་ཆེད་དོན་བཅོས་སྒྲིག་བྱས་ཏེ་ཁྱོན་ཁྲིམས་འགལ་སྐྲུན་དངོས་100ལྷག་ཙམ་དང་ཚོང་དུད་ཀྱི་སྒྲིག་འགལ་བརྡ་ཁྱབ་བྱང་བུ་20ལྷག་ཙམ་བཤིག་པ་དང་། དེ་སྔ་ཚོང་ཁང་གི་ཕྱི་རོལ་དུ་ཚོང་ཟོག་བསྒྲིགས་པའི་སྣང་ཚུལ་ལེགས་བཅོས་བྱས་ནས་མི་བགྲོད་ལམ་རྒྱ་ཆེ་ལ་གཙང་སྦྲ་ལེགས་པ། འགྲོ་ལམ་ཡངས་ཤིང་གཙང་ལ་གྲལ་འགྲིག་པའི་གནའ་བོའི་འཛུགས་སྐྲུན་གྱི་སྒོ་རར་སྐྱེ་སྟོབས་གསར་པ་རབ་ཏུ་འཕེལ་བཞིན་ཡོད།
བར་སྐོར་སྡེ་ཁུལ་གྱི་གྲོང་མི་སྤེན་པས་ང་ཚོའི་སྒོ་རར་སྔ་རྗེས་སུ་ཉམས་གསོ་ཐེངས་བཞི་བྱས་ཤིང་། རྡོ་གཅལ་བཏིང་བ་དང་། ས་འོག་ཆུ་ལམ་བཟོས་པ། རང་འབབ་ཆུ་ཀ་ལ་བཟོས་པ་བཅས་ལས་འགྲོ་འོང་ཡང་ཧ་ཅང་སྟབས་བདེ་རུ་ཕྱིན་པར་མ་ཟད། འཕྲོད་བསྟེན་ཐད་ཀྱང་དེ་སྔ་ལས་ལེགས་སུ་ཕྱིན་ཡོད། ད་ཆ་གནའ་བོའི་སྐྲུན་དངོས་ཀྱི་སྒོ་ར་ཆེན་མོ་དང་གྲོང་མིའི་སྒོ་ར་ཆེན་མོ་ཚང་མའི་གཙང་སྦྲ་ཡག་པོ་ཡོད་ཅེས་བཤད།
བར་སྐོར་ཁྲོམ་གཞུང་དུ་སྡོད་མཁན་གྲོང་མིའི་བདེ་སྣང་དང་ཁོངས་གཏོགས་ཀྱི་ཚོར་སྣང་ནི་ལོ་ངོ་སྟོང་གི་གནའ་བོའི་ཁྲོམ་གཞུང་དེའི་ཆེས་དོན་དངོས་ཀྱི་མཚོན་ཚུལ་ཞིག་རེད། བར་སྐོར་ཁྲོམ་གཞུང་དུ་སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཀྱི་རྣམ་པའི་ཐོག་ནས་འཚམས་འདྲིར་ཕེབས་པའི་སྐུ་མགྲོན་ཚང་མར་བསུ་བ་ཞུས་ཏེ་བོད་ཀྱི་གཏམ་རྒྱུད་བཤད་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོའི་སྣ་མང་ཕུན་སུམ་ཚོགས་པའི་ཡིད་དབང་འཕྲོག་ཤུགས་མངོན་བཞིན་ཡོད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社