分享按钮

ལྷ་ས་གྲོང་ཁྱེར་གྱིས་2024ལོའི་ལོ་སྟོད་དུ་ནོར་སྲིད་གཏོང་ཡོང་ལག་བསྟར་བྱས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་1ཉིན་གྱི་སྔ་དྲོར། གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། སྤྱི་དམངས་ལ་ལྷ་ས་གྲོང་ཁྱེར་གྱིས་2024ལོའི་ལོ་སྟོད་དུ་ནོར་སྲིད་གཏོང་ཡོང་ལག་བསྟར་བྱས་ཚུལ་ངོ་སྤྲོད་བྱས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། 2024ལོར་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་སྟོབས་ལྡན་འགོ་ཁྲིད་འོག ནོར་སྲིད་སྡེ་ཚན་གྱིས་ཞི་ཅིན་ཕིང་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་གྲོང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ། དེ་བཞིན་གྲོང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། “ལྡན་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱེད་པ། “ལས་ཀའི་རྩ་དོན་ལྔ”མཐའ་འཁྱོངས་བྱེད་པ། “དོན་ཆེན་བཞི”མཐའ་འཁྱོངས་བྱེད་པ། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། ཤུགས་སྣོན་འོས་འཚམ་དང་སྤུས་ཚད་མཐོར་འདེགས། ཕན་འབྲས་ཆེར་གཏོང་བཅས་ཀྱི་ནོར་སྲིད་ཀྱི་སྲིད་ཇུས་ལག་བསྟར་བྱེད་པ། ནོར་སྲིད་གཏོང་སྒོའི་གྲུབ་ཚུལ་ལེགས་སུ་གཏོང་ཤུགས་ཆེ་རུ་གཏོང་བ། ནོར་སྲིད་ཀྱི་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ། དགོས་ངེས་ཀྱི་ནོར་སྲིད་གཏོང་སྒོའི་ཤུགས་ཚད་རྒྱུན་འཁྱོངས་བྱེད་པ་བཅས་ཀྱི་སྒོ་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་ཐོག་ཡར་འཕེལ་ཡོང་བར་སྐུལ་འདེད་བཏང་བ་རེད།

གསར་འགྱུར་མགྲིན་ཚབ་པ་སྐལ་བཟང་ཟླ་བས་བསྟན་དོན། གྲོང་ཁྱེར་ཡོངས་ཀྱི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་67.37ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་1.99ཆག་པ་དང་། ལོ་འགོའི་སྔོན་རྩིས་ཀྱི་བརྒྱ་ཆ་52.81ཟིན་ཡོད། གྲོང་ཁྱེར་ཡོངས་ཀྱི་ནོར་སྲིད་གཏོང་སྒོ་སྒོར་དུང་ཕྱུར་248.7ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་26.29འཕར་བ་དང་། ལོ་འགོའི་སྔོན་རྩིས་ཀྱི་བརྒྱ་ཆ་51.58ཟིན་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་སྤྱིའི་ནོར་ཤུགས་ལྟར་ཚོད་རྩིས་བྱས་ཚེ། རང་གྲོང་གི་གཏོང་སྒོ་དེ་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

ཡོངས་བསྒྲགས་ཚོགས་འདུའི་ཐོག གྲོང་ཁྱེར་ནོར་སྲིད་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་2024ལོ་སླེབས་ཚུན་རང་གྲོང་གི་ནོར་སྲིད་སྒྲིག་སྲོལ་སྒྱུར་བཅོས་ལས་དོན་ལ་ཐོབ་པའི་ཕན་འབྲས་ངོ་སྤྲོད་ཞིབ་ཕྲ་བྱས་ཤིང་། མ་འོངས་པ་གླེང་སྐབས། གྲོང་ཁྱེར་ནོར་སྲིད་སྡེ་ཚན་གྱིས་བསྟན་དོན། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཐབས་ཇུས་དང་བཀོད་སྒྲིག་ཁག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་དེ་སྔོན་རྩིས་འཆར་འགོད་བཀོད་སྒྲིག་དང་། ནོར་སྲིད་སྲིད་ཇུས་གཏན་འབེབས། ནོར་སྲིད་སྒྱུར་བཅོས་འཕེལ་རྒྱས་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱ་རྒྱུ་དང་། “ལས་ཀའི་རྩ་དོན་ལྔ”མཐའ་འཁྱོངས་བྱས་ཏེ། “སྲིད་འཛིན་གྱིས་ནོར་སྲིད་ལ་སྣེ་ཁྲིད་དང་། ནོར་སྲིད་ཀྱིས་སྲིད་འཛིན་ལ་རམ་འདེགས”ཐུབ་པར་བྱ་རྒྱུ། ནོར་སྲིད་ཀྱི་ཐོན་ཁུངས་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་དང་། མི་མངོན་པའི་སྟོབས་ཤུགས་སྔོག་འདོན། བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་ནོར་སྲིད་གཏོང་ཡོང་ལག་བསྟར་ལ་དམ་འཛིན། དམངས་འཚོ་སོགས་གཙོ་གནད་ཁྱབ་ཁོངས་ལ་འགན་སྲུང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་ཀྱི་སྒོ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནོར་ཤུགས་ཀྱི་འགན་སྲུང་མཁོ་འདོན་བྱ་རྒྱུ་རེད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-03 6 6 拉萨日报藏文 c185708.html 1 ལྷ་ས་གྲོང་ཁྱེར་གྱིས་2024ལོའི་ལོ་སྟོད་དུ་ནོར་སྲིད་གཏོང་ཡོང་ལག་བསྟར་བྱས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ། /enpproperty-->