ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དང་བླངས་ཞབས་ཞུ་ནི་དགེ་བའི་ལས་ཤིག་ཡིན་ལ་སྤྱི་ཚོགས་ཤེས་དཔལ་ཡར་ཐོན་ཡོང་བའི་མཚོན་རྟགས་གལ་ཆེན་ཞིག་ཀྱང་ཡིན།ཉིན་ཤས་བསྟུད་མར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གིས་དམ་པ་དོན་གཉེར་དང་གསར་གཏོད་མཐའ་འཁྱོངས་བྱས་ནས“ལྔ་ལྔའི་ལས་ཀའི་བྱ་ཐབས”ལག་ལེན་བསྟར་བ་དང་།དང་བླངས་ཞབས་ཞུའི་ལས་དོན་དེ་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་རྒྱུར་སྣེ་ཁྲིད་བྱེད་པའི་བྱ་སྤྱོད་ནང་བཅུག་པ།གཞི་རིམ་བཅོས་སྐྱོང་དང་དང་བླངས་ཞབས་ཞུའི་དབར་གྱི་མཐུན་ས་སྔོག་འདོན་གཏིང་ཟབ་བྱས་ནས་ལས་སྟེགས་གཅིག་ཡག་པོ་སྤྱོད་པ་དང་།འགན་ལེན་ཆེན་པོ་གསུམ་དོན་འཁྱོལ་བྱེད་པ། ཞབས་ཞུ་ཁག་ལྔ་ལ་དམིགས་པ་བཅས“135”དང་བླངས་ཞབས་ཞུའི་མ་ལག་བཙུགས་པ། ཞབས་ཞུའི་སྟོབས་ཤུགས་དེ་བས་མང་བ་གཞི་རིམ་བཅོས་སྐྱོང་ནང་འདྲེས་རྒྱུར་སྐུལ་འདེད་བཏང་བ་བཅས་བྱས་པས་སྡེ་ཁུལ་གྱི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་ལེགས་སུ་ཕྱིན་ཡོད།
དོག་སྡེ་ཁྲོམ་གཞུང་གསང་ཡིབ་སྡེ་ཁུལ་ཏང་དམངས་ཞབས་ཞུའི་ལྟེ་གནས་སུ་སྐྱོད་སྐབས།ཐོག་སོ་དང་པོའི་ཚོམས་ཆེན་ནང་སྡེ་ཁུལ་གྱི་རྒན་རྒོན་ཁག་གཅིག་གིས་མཉམ་གཞས་སྦྱོང་བརྡར་བྱེད་བཞིན་ཡོད་པ་དང་དེའི་འགྲམ་དུ་དང་བླངས་པས་སྙན་འཇེབས་ལྡན་པའི་རོལ་མོ་དཀྲོལ་བཞིན་ཡོད་པར་མ་ཟད།གྲོང་མི་ཁག་གཅིག་གིས་དཔེ་ཀློག་ཁུལ་དུ་དཔེ་དེབ་ལྟ་བཞིན་ཡོད་པས་བག་ཕེབས་ཀྱི་རྣམ་པ་ཞིག་མངོན་གྱི་ཡོད།ཐོག་སོ་གཉིས་པའི་བུ་བཅོལ་ལྟེ་གནས་སུ་དང་བླངས་པ་ཁ་ཤས་ཀྱིས་ཕྲུ་གུ་ཚོར་རྩེད་མོ་རྩེ་རོགས་དང་ཡི་གེ་སྦྱོང་རོགས་བྱེད་བཞིན་ཡོད་པས་ཏང་དམངས་ཞབས་ཞུའི་ལྟེ་གནས་དེ་མང་ཚོགས་ཀྱི་དྲོ་སྐྱིད་ལྡན་པའི་ཁྱིམ་གཞིས་སུ་གྱུར་ཡོད།
གསང་ཡིབ་སྡེ་ཁུལ་གྱི་རུའུ་ཁྲུའུ་བཅོལ་གསོའི་དགེ་རྒན་ཁྲེང་ཀུའེ་དབྱིན་གྱིས་ང་ཚོས་ལོ་1ནས་3བར་གྱི་ཕྲུ་གུར་དམིགས་ནས་ཚབ་གཉེར་འཛིན་གྲྭ་བཙུགས་ཡོད། དགེ་རྒན་དང་ལས་བཟོ་དང་ཕྲུ་གུའི་ཨ་མས་གཟའ་ཟླ་བ་ནས་གཟའ་པ་སངས་བར་ཕྲུ་གུ་དེ་གར་བཅོལ་ཆོག་གི་ཡོད། དེ་གར་ཞབས་བྲོ་དང་གླུ་ལེན། རི་མོ་འབྲི་བ། མཛུབ་མོའི་རོལ་རྩེད།བྱིས་གླུ་སོགས་སློབ་ཚན་རབ་དང་རིམ་པ་བཀོད་སྒྲིག་བྱས་ཡོད་ཅེས་བཤད།
དྲོ་འཇམ་གྱི་ཉི་འོད་ཅེས་པ་ཕུད། དོག་སྡེ་ཁྲོམ་གཞུང་དུ་ད་དུང་སྒྲོལ་མ་འདུམ་འགྲིག་ཁང་དང་།ཁུ་བྱུག་གི་དབྱངས་སྙན། བཀྲ་ཤིས་པའི་ཨ་མ་ལགས། ལྗང་མདོག་སྐྱེ་ཁམས། རྒན་རྒོན་དང་བླངས་ཞབས་ཞུའི་རུ་ཁག་སོགས་དང་བླངས་ཞབས་ཞུའི་དཔུང་ཁག་17ཡོད་པ་དང་ཁྱོན་དང་བླངས་པ་1345ཡོད་པས།དགོས་མཁོ་གང་དུ་ཡོད་ན་དེར་དང་བླངས་པ་ཡོད་པའི་དམིགས་ཚད་མངོན་འགྱུར་བྱུང་ནས་དང་བླངས་ཞབས་ཞུ་དེ་མང་ཚོགས་ཞུགས་ཚད་ཇེ་ཆེར་འགྲོ་བའི་བྱ་གཞག་ཅིག་ཏུ་གྱུར་ཡོད།
གསར་འགོད་པ་གསང་ཡིབ་སྡེ་ཁུལ་གྱི་ཁུ་བྱུག་གི་དབྱངས་སྙན་དང་བླངས་པ་དང་མཉམ་དུ་སྡེ་ཁུལ་གྱི་མི་ཧྲེང་རྒན་རྒོན་གྱི་ཁྱིམ་དུ་ཡོང་ཞིང་། དང་བླངས་པ་ཚོས་རྒན་རྒོན་དང་སྤེལ་རེས་གཏིང་ཟབ་བྱེད་པ་དང་འབྲེལ་རྒྱུན་གཏན་གྱི་འཚོ་བའི་དགོས་མཁོ་ཤེས་རྟོགས་བྱེད་པར་མ་ཟད། གཙང་སྦྲ་བྱེད་རོགས་བྱས་ནས་རྒན་རྒོན་ལ་སྡེ་ཁུལ་གྱི་ཐུགས་ཁུར་ཚོར་ཐུབ་པ་ཤེས་རྟོགས་བྱུང་།
བཀྲ་ཤིས་སྡེ་ཁུལ་ནང་གི་བཀྲ་ཤིས་དོན་གྲོས་ཁང་དུ་སྡེ་ཁུལ་གྱི་འཐུས་མི་བུད་མེད་ལས་གྲུབ་པའི་བཀྲ་ཤིས་པའི་ཨ་མ་ལགས་དང་བླངས་རུ་ཁག་གིས་སྡེ་ཁུལ་ནང་ཐག་གཅོད་བྱེད་དགོས་པའི་གནད་དོན་ལ་གྲོས་བསྡུར་བྱེད་པ་དང་འབྲེལ་རང་སོ་སོའི་བསམ་འཆར་དང་གྲོས་འགོ་གླེང་བཞིན་ཡོད་པས་སྡེ་ཁུལ་དུ་མེད་དུ་མི་རུང་བའི་སྟོབས་ཤུགས་ཤིག་ཏུ་གྱུར་ཅིང་།གྲོང་མི་ཚོ་ནང་ཁུལ་གྱི་ལས་དོན་ཡག་པོ་སྒྲུབ་མཁན་ནས་ཚང་མ་མཉམ་དུ་སྡེ་ཁུལ་བཅོས་སྐྱོང་ནང་ཞུགས་མཁན་བར་འགྱུར་ལྡོག་ཕྱིན་ནས་ཁུལ་ཆུང་བཅོས་སྐྱོང་གི་ནུས་པ་དང་བཅོས་སྐྱོང་གི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ཡོད་པ་རེད།
དོག་སྡེ་ཁྲོམ་གཞུང་གི་ལས་དོན་པ་ཟླ་བ་སྒྲོལ་མས་རྗེས་མར་ང་ཚོས་མང་ཚོགས་ཀྱི་དགོས་མཁོ་ཤེས་རྟོགས་གཏིང་ཟབ་དང་དང་བླངས་ཞབས་ཞུའི་སྟོབས་ཤུགས་དེ་བས་མང་བ་སྐུལ་སློང་བྱས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་རྒྱུ་དང་། དང་བླངས་ཞབས་ཞུའི་མ་ལག་ལེགས་པའི་ཕྱོགས་སུ་འཕེལ་བར་སྣེ་ཁྲིད་བྱས་ནས་དང་བླངས་ཞབས་ཞུའི་སྤུས་ཚད་ལེགས་སུ་དང་ཤེས་དཔལ་གྱི་སྟོབས་ཤུགས་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་ཡོང་བར་བྱས་ཏེ།དང་བླངས་ཞབས་ཞུའི་གོམ་སྟབས་ཇེ་བརྟན་དུ་འགྲོ་བ་དང་དང་བླངས་ཞབས་ཞུའི་ཤེས་དཔལ་གྱི་མེ་ཏོག་ཁྲོམ་གཞུང་གི་སྡེ་ཁུལ་ཚང་མར་རྣམ་པར་བཞད་པར་བྱ་རྒྱུ་ཡིན་ཞེས་བཤད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社