ཤིན་ཧྭ་གསར་འགྱུར་ཁང་ཅ་ཁར་ཐ་ནས་ཟླ་7ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཧིན་རྡུ་ཉི་ཞི་ཡའི་འཕྲོད་བསྟེན་པུའི་སྨན་བཅོས་འཕྲོད་བསྟེན་མི་ཤུགས་ཐོན་ཁུངས་ཀྱི་སྤྱི་ཁྱབ་སི་ཀྲང་ཨ་ལི་ཨན་ཏི·ཨ་ན་ཡས་ཅ་ཁར་ཐ་རུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོའི་འཕྲོད་བསྟེན་སྨན་བཅོས་སྡེ་ཚན་དབར་མཉམ་ལས་བྱེད་ཕྱོཊ་ཡག་པོ་ཡོད་པས་ཧིན་རྡུ་ཉི་ཞི་ཡས་སྨན་དོན་པ་ཀྲུང་གོར་མངཊ་ནས་སློབ་སྦྱོང་དང་སྤེལ་རེས་བྱ་རྒྱུ་ཡིན་ཞེས་བཤད།
ཨ་ལི་ཨན་ཏིས་སྣེ་ཁྲིད་པའི་ཧིན་རྡུ་ཉི་ཞི་ཡའི་འཕྲོད་བསྟེན་པུའུ་ཡི་འཐུས་མི་ཚོགས་པས་ཟླ་6པར་ཀྲུང་གོའི་གྲོང་ཁྱེར་མང་པོར་འཚམས་འདྲི་བྱས་པ་རེད། འཚམས་འདྲི་གནང་རིང་ཁོང་གིས་ཧིན་རྡུ་ཉི་ཞི་ཡའི་འཕྲོད་བསྟེན་པུའུ་ཡི་ཚབ་ཞུས་ནས་ཧྲན་ཏུང་རི་ཀྲའོ་སྨན་ཁང་དང་སྙིང་ཁམས་ཁྲག་རྩའི་ཐད་ཀྱི་སྨན་དོན་པའི་གསོ་སྦྱོང་མཉམ་ལས་ཀྱི་འདོད་མཐུན་ཡི་གེར་མིང་རྟགས་བཀོད་ཡོད། གཞན་ཡང་ཧིན་རྡུ་ཉི་ཞི་ཡའི་འཕྲོད་བསྟེན་པུའུ་དང་ཧྲང་ཧའེ་དང་པེ་ཅིང་གི་སྨན་ཁང་དབར་ཡང་འབྲེལ་ཡོད་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་རེད།
ཨ་ལི་ཨན་ཏིས་ད་ཐེངས་ཀྲུང་གོར་བསྐྱོད་པ་དེས་ཁོང་ལ་བག་ཆགས་ཟབ་མོ་བཞག་ཡོད། ཀྲུང་གོར་སྔོན་ཐོན་གྱི་སྨན་བཅོས་ལག་རྩལ་དང་། སྒྲིག་ཆས། ཉམས་མྱོང་ཕུན་སུམ་ཚོགས་པའི་སྨན་དོན་པ་བཅས་ཡོད་པར་མ་ཟད། གསོ་རིག་ཚན་ཞིབ་དང་སློབ་ཁྲིད་ཁྱབ་ཁོངས་ལའང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཧིན་རྡུ་ཉི་ཞི་ཡའི་འཕྲོད་བསྟེན་པུའུ་ཡིས་ཀྲུང་གོ་ཕྱོགས་དང་མི་ཤུགས་ཐོན་ཁུངས་གསོ་སྦྱོང་དང་སྨན་བཅོས་ལག་རྩལ་ཞིབ་འཇུག་སོགས་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
ཨ་ལི་ཨན་ཏིས་ཧིན་རྡུ་ཉི་ཞི་ཡས་སྨན་དོན་པ་ཀྲུང་གོར་ཟབ་སྦྱོང་དང་སློབ་སྦྱོང་བྱེད་པར་མངགས་རྒྱུ་ཡིན། དེའི་རྒྱུ་མཚན་ནི་མཁྲེགས་ཆས་དང་མཉེན་ཆས་གང་ཡིན་རུང་ཀྲུང་གོའི་སྨན་བཅོས་ཆུ་ཚད་ཧ་ཅང་སྔོན་ཐོན་ཡིན་པ་དང་། ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོ་གཉིས་ཨེ་ཤེ་ཡར་གནས་པ་དང་ས་ཁམས་འདྲ་མཚུངས་དང་རིག་གནས་ཕན་ཚུན་འབྲེལ་འདྲིས་ཡིན་པས་ཧིན་རྡུ་ཉི་ཞི་ཡའི་སྨན་པའི་ངོས་ནས་བརྗོད་ན་འཇོན་ཐང་དང་ཆུ་ཚད་དེ་བས་མཐོ་རུ་གཏོང་བར་འཚམ་པོ་ཡོད་ཅེས་དང་། ཁོང་གིས་སྐྲན་ནད་དང་། སྙིང་ནད། གྲིབ་སྐྱོན་ནད། མཁལ་མའི་ནད་སོགས་ནི་ཧིན་རྡུ་ཉི་ཞི་ཡའི་ཨང་རིམ་མདུན་གྲལ་དུ་སླེབས་པའི་སྲོག་ལ་ཐུག་པའི་ནད་གཞི་ཞིག་ཡིན་མོད། འོན་ཀྱང་མིག་སྔར་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཆེད་ལས་ཚན་ཁག་གི་སྨན་པ་དཀོན་པ་དང་ལྷག་པར་དུ་ཉམས་མྱོང་ཕུན་སུམ་ཚོགས་པའི་རིགས་གཅིག་མཁས་ཅན་དཀོན་པོ་ཡོད། དངུལ་སྤྲད་ནས་སྒྲིག་ཆས་ཉོ་ཆོག་ཀྱང་མིའི་གསོ་སྐྱོང་ལ་དུས་ཚོད་དང་ནུས་ཤུགས་མང་པོ་འདོན་དགོས་ཀྱི་ཡོད། ཁོང་གིས་ཀྲུང་གོའི་སྨན་བཅོས་སྒྲིག་གཞིས་ཧིན་རྡུ་ཉི་ཞི་ཡའི་སྨན་དོན་པར་ནད་ཐོག་སྨན་བཅོས་ཀྱི་སློབ་སྦྱོང་གི་གོ་སྐབས་རྩ་ཆེན་མཁོ་འདོན་བྱས་པར་ཧིན་རྡུ་ཉི་ཞི་ཡས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社