ཚེས་11ཉིན་ཨ་རིའི་སྲིད་འཛིན་པའེ་ཏེང་གིས་མི་གཅིག་གི་གསར་འགོད་པའི་ཚོགས་འདུ་འཚོགས་ནས། ཁོང་གིས་མུ་མཐུད་ནས་སྲིད་འཛིན་གྱི་འགན་བཞེས་པའི་འདེམས་བསྐོའི་ནང་ཞུགས་ཆོག་མིན་དང་། ཨ་རིའི་ཕྱི་ཕྱོགས་སྲིད་ཇུས་སོགས་ཀྱི་གླེང་གཞིར་དམིགས་ནས་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད། པའེ་ཏེང་གིས་མུ་མཐུད་ནས་འདེམས་བསྐོའི་ནང་ཞུགས་རྒྱུ་ཡིན་པ་བསྒྲགས་བྱས་པར་མ་ཟད། ད་དུང་རང་ཉིད་ནི་ཨ་རིའི་སྲིད་འཛིན་ལ་འདེམས་བསྐོ་བྱེད་པར་ཐོབ་ཐང་ཆེ་ཤོས་ཡོད་པའི་མི་ཞིག་ཡིན་ཞེས་བཤད། གསར་འགོད་པའི་ཚོགས་འདུའི་སྐབས་སུ་པའེ་ཏེང་གིས་སླར་ཡང་ནོར་འཁྲུལ་ཚབས་ཆེན་ཡིན་པའི་གཏམ་བཤད་བྱས་པ་རེད།
འོ་ན། གསར་འགོད་པའི་ཚོགས་འདུའི་ཐོག་པའེ་ཏེང་གི་རྣམ་འགྱུར་ཡང་སྙིང་ཅི་འདྲ་ཞིག་རེད། ཁོང་གིས་ཏང་ནང་ཁུལ་གྱི་དོགས་པ་སེལ་ཐུབ་བམ། མིག་སྔའི་འདེམས་བསྐོའི་གནས་བབ་གང་འདྲ་ཞིག་རེད་ཅེ་ན།
གཟའ་འཁོར་གཉིས་ཀྱི་གོང་དུ། པའེ་ཏེང་གིས་ཨ་རིའི་སྲིད་འཛིན་ཟུར་པ་དང་སྤྱི་མཐུན་ཏང་གི་མི་ཐེ་རོན་ཕུའུ་དང་ད་ལོའི་སྲིད་འཛིན་འདེམས་བསྐོའི་བརྙན་འཕྲིན་ཐོག་ནས་རྩོད་གླེང་ཐེངས་དང་པོ་བྱས་པ་དང་། སྐབས་དེར་པའེ་ཏེང་གིས་རྩོད་པ་ཡག་པོ་རྒྱག་མ་ཐུབ་པས། ཏང་ནང་ཁུལ་དུ་ཁོང་གི་བདེ་ཐང་གནས་ཚུལ་དང་མུ་མཐུད་ནས་སྲིད་འཛིན་གྱི་འགན་བཞེས་པའི་མདུན་ལམ་ལ་སེམས་ཁྲལ་བྱེད་ཀྱི་ཡོད་པ་རེད། ཉིན་ཤས་བསྟུད་མར་དམངས་གཙོ་ཏང་གི་གྲོས་མི་དང་འདེམས་ཤོག་འཕེན་མཁན་མང་པོས་པའེ་ཏེང་ལ་མུ་མཐུད་ནས་སྲིད་འཛིན་གྱི་འགན་མི་ཁུར་རྒྱུའི་རེ་བ་བཏོན་ཡང་པའེ་ཏེང་ཕྱོགས་ཀྱིས་ཐེངས་མང་པོར་ཁས་ལེན་མ་བྱས་པར་མ་ཟད། ཆེད་དོན་བཅར་འདྲི་དང་ལེན་དང་རྒྱལ་ཚོགས་དམངས་གཙོ་ཏང་མིར་འཕྲིན་ཡིག་སྤྲིངས་པ་སོགས་ཀྱི་བྱ་ཐབས་བརྒྱུད། ཏང་ནང་ཁུལ་གྱི་ཟང་ཟིང་ཞོད་འཇགས་སུ་གཏོང་རྩིས་བྱས་པ་རེད། ཚེས་11ཉིན། བྱང་ཆིངས་ཀྱི་ཝ་ཧྲིང་ཐོན་དབུ་ཚོགས་འཚོགས་རྗེས་ཀྱི་མི་གཅིག་གི་གསར་འགོད་པའི་ཚོགས་འདུ་ནི་ཁོང་གིས་དེའི་ཐད་སྤེལ་བའི་བྱ་སྤྱོད་གསར་ཤོས་དེ་ཡིན་པ་རེད།
གསར་འགོད་པའི་ཚོགས་འདུ་དེ་ཆུ་ཚོད་གཅིག་ཙམ་འཚོགས་པ་དང་། པའེ་ཏེང་གིས་གསར་འགོད་པ་10ཡི་ཁྱོན་གནད་དོན་19ལ་ལན་བཏབ་པ་དང་། ཁོང་གིས་ནན་གསུངས་གནང་དོན། རང་ཉིད་མུ་མཐུད་ནས་ཨ་རིའི་སྲིད་འཛིན་གྱི་འགན་བཞེས་པའི་འགྲན་རྩོད་ནང་ཞུགས་རྒྱུ་ཡིན་པ་དང་། དཔལ་འབྱོར་དང་ཕྱི་འབྲེལ་སོགས་ཁྱབ་ཁོངས་སུ་ཁོང་གིས་སྲིད་སྐྱོང་བྱས་རྗེས་འཇོག་རྒྱུ་དང་འབྲེལ་ཐེ་རོན་ཕུའུ་དང་འགྲན་རྩོད་བྱ་རྒྱུ་ཡིན། ཨ་རིའི་ཆབ་སྲིད་ཉེན་ཁའི་བློ་འདྲི་ཀུང་སིའི་ཡོ་རོབ་དང་ཨེ་ཤེ་ཡ་ཚོགས་པའི་ཙུང་ཚའེ་དབྱི་ཨེན·པུའུ་ལེ་མོ་ཡིས་གསར་འགོད་པའི་ཚོགས་འདུའི་ཐོག་པའེ་ཏེང་གིས་ལན་བཏབ་པ་ཅུང་ཡག་པོ་འདུག་ཅེས་གདེང་འཇོག་བྱས་པ་རེད།
ཡིན་ནའང་གནད་དོན་དང་པོར་ལན་འདེབས་སྐབས། པའེ་ཏེང་གིས་སྲིད་འཛིན་གཞོན་པ་ཧ་ལི་སི་ལ་སྲིད་འཛིན་གཞོན་པ་ཐེ་རོན་ཕུ་ཞེས་འབོད་ནོར་བྱུང་ཞིང་། ཐེ་རོན་ཕུའུ་ལ་རྒྱབ་སྐྱོར་བྱེད་མཁན་གྱིས་སྨྱན་སྦྱོར་ཐོག་དེའི་ཐད་འཕྱ་སྨོད་ཆེན་པོ་བྱེད་ཀྱི་ཡོད་པ་རེད། ཆུ་ཚོད་ཁ་ཤས་གོང་། པའེ་ཏེང་གིས་ད་དུང་བྱང་ཆིངས་དབུ་ཚོགས་ཐོག་ཡུག་རེན་གྱི་སྲིད་འཛིན་ཙེ་ལན་སི་ཅི་ལ་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་ཞེས་འབོད་ནོར་བྱུང་བ་རེད།
དབྱེ་ཞིབ་བྱས་པར་གཞིགས་ན། གསར་འགོད་པའི་ཚོགས་འདུའི་ཐོག་པའེ་ཏེང་གི་རྣམ་འགྱུར་དེ་ཐེ་རོན་ཕུའུ་དང་རྩོད་གླེང་བྱེད་སྐབས་ལས་ལེགས་པ་ཡོད་མོད། དེས་ཁོང་གི་ནོར་འཁྲུལ་རྦད་དེ་ཐག་གཅོད་བྱེད་མི་ཐུབ། ཨ་རིའི་ཧྲེང་ཨན་སེར་མུའུ་སློབ་གླིང་གི་ཆབ་སྲིད་རིག་པའི་རིགས་གཅིག་མཁས་ཅན་ཁེ་ལི་སི་ཐུའོ་ཧྥུའུ·ཅར་ཏི་ཡེ་ལིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་པ་དང་གསར་འགོད་པའི་ཚོགས་འདུར་ཞུགས་པ་དེས་པའེ་ཏེང་ལ་ཕན་ཐོགས་ངེས་ཅན་ཞིག་ཡོད་མོད། གནས་ཡུལ་དེ་དག་གི་ཤུགས་རྐྱེན་བརྙན་འཕྲིན་རྩོད་གླེང་ལས་ཞན་པ་དང་། པའེ་ཏེང་ལ་འདེམས་བསྐོའི་ཁྲོད་ནས་ཕྱིར་འཐེན་བྱེད་པའི་གནོན་ཤུགས་མུ་མཐུད་ནས་འཕྲད་རྒྱུ་རེད་ཅེས་བཤད་པ་རེད།
པའེ་ཏེང་དང་ཐེ་རོན་ཕུའུ་དབར་རྩོད་གླེང་བྱས་རྗེས། དམངས་གཙོ་ཏང་གི་ཨ་རིའི་སྲིད་འཛིན་ཟུར་པ་ཨོ་པ་མ་དང་གྲོས་ཁང་འོག་མའི་གྲོས་དཔོན་ཟུར་པ་ཕེ་ལུའོ་ཤིས་སོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་པའེ་ཏེང་ལ་ངག་ཐོག་ནས་རོགས་སྐྱོར་བྱས་ཡོད། འོན་ཀྱང་ཚེས་10ཉིན་ཕེ་ལུའོ་ཤིས་ཨ་རིའི་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་པའེ་ཏེང་མུ་མཐུད་ནས་འདེམས་བསྐོའི་ནང་ཞུགས་རྒྱུར་ཐད་ཀར་རྒྱབ་སྐྱོར་བྱ་རྒྱུ་ཁས་མ་བླངས་པ་དང་། པའེ་ཏེང་གིས་མཐའ་མའི་གཏན་འབེབས་བྱས་མེད་པའི་ལྐོག་བརྡ་བཏང་བས་རྒྱ་ཁྱབ་ངང་འོལ་ཚོད་བྱས་པ་རེད།
ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་མཁན་གྱི་སྐད་ཆ་དྲངས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཨའོ་པ་མ་དང་ཕེ་ལུའོ་ཤིས་ཀྱིས་པའེ་ཏེང་གིས་མུ་མཐུན་ནས་ཨ་རིའི་སྲིད་འཛིན་གྱི་འགན་བཞེས་རྒྱུའི་མདུན་ལམ་ཐད་ལྐོག་ཏུ་འབྲེལ་བ་བྱེད་ཀྱི་འདུག་ཟེར། ཁོང་གཉིས་པོས་པའེ་ཏེང་གིས་ཐེ་རོན་ཕུའུ་ཕམ་པར་བྱ་རྒྱུའི་ཐད་དཀའ་ངལ་ཡོད་པར་སེམས་ཁྲལ་བྱེད་ཀྱི་ཡོད་མོད། གང་ཞིག་བྱེད་དགོས་མིན་གཏན་འཁེལ་བྱེད་ཐུབ་ཀྱི་མེད་པ་རེད།
ཧྥོ་མིན་ཐི་ཀྲོའུ་ཡི་པེ་ཏེ·ཝེ་ཨེར་ཆི་ནི་པའེ་ཏིང་འདེམས་བསྐོ་ལས་ཕྱིར་འཐེན་བྱེད་དགོས་པར་ཡོངས་བསྒྲགས་བྱེད་མཁན་གྱི་དམངས་གཙོ་ཏང་རྒྱལ་ཕྲན་མཉམ་འབྲེལ་གྱི་གྲོས་ཁང་གོང་མའི་གྲོས་མི་ཐོག་མ་དེ་ཡིན། ཚེས་10ཉིན། ཝུའེ་ཨེར་ཆིས《ཝ་ཧྲིང་ཐོན་སྦྲག་སྲིད་ཚགས་པར》ཐོག་རྩོམ་ཡིག་སྤེལ་ནས། པའེ་ཏེང་གིས་རང་ཉིད་དམངས་གཙོ་ཏང་གི་ཚབ་ཞུས་ནས་ཐེ་རོན་ཕུའུ་དང་འགྲན་རྩོད་བྱེད་མཁན་གྱི་འོས་མི་ཡག་ཤོས་ཤིག་ཡིན་མིན་ཐད་བསྐྱར་དུ་དཔྱད་དཔོག་བྱེད་དགོས་ཞེས་བཤད་པ་རེད། ཨ་རིའི་ཧའོ་ལའེ་ཝུའུ་ཡི་གྲགས་ཅན་གློག་བརྙན་པ་དམངས་གཙོ་ཏང་གི་དུས་ཡུན་རིང་པོའི་འདེམས་ཤོག་འཕེན་མཁན་ཆའོ་ཀྲི·ཁེ་ལུའུ་ཉིས་གལ་ཏེ་དམངས་གཙོ་ཏང་གི་སྲིད་འཛིན་གྱི་འོས་མི་ད་དུང་པའེ་ཏེང་ཡིན་ཚེ། ཏང་དེར་ཕོ་བྲང་དཀར་པོ་མེད་པར་འགྱུར་རྒྱུ་ཡིན་པར་མ་ཟད། གྲོས་ཁང་གོང་འོག་གཉིས་ཀྱི་འདེམས་བསྐོའི་ཁྲོད་གནོད་འཚེ་ཚབས་ཆེན་ཕོག་སྲིད་པའི་སེམས་ཁྲལ་བྱེད་ཀྱི་ཡོད།
ལྟ་ཞིབ་པ་ཁག་གཅིག་གིས་དམངས་གཙོ་ཏང་ནང་གི་སྒེར་གྱི་སེམས་ཁྲལ་དེ་རིམ་བཞིན་ཡོངས་བསྒྲགས་སུ་འགྱུར་བཞིན་ཡོད་མོད། པའེ་ཏེང་ལ་ཏང་ནང་ཁུལ་དུ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་མཁན་ཡང་མི་ཉུང་བ་ཞིག་ཡོད་ཅེས་བཤད་པ་རེད། པའེ་ཏེང་དང་དམངས་གཙོ་ཏང་གི་ངོས་ནས་བརྗོད་ན། མིག་སྔར་ནི་འགག་རྩའི་དུས་སྐབས་ཤིག་རེད།
ཨ་རིའི་འདེམས་བསྐོའི་ཆ་འཕྲིན་དྲ་ཚིགས་ཕྱི་གསལ་ནང་གསལ་གྱི་ཆབ་སྲིད་ཞེས་པའི་ཐོག་ཕྱོགས་བསྡུས་བྱས་པའི་དམངས་ཀྱི་རེ་འདོད་བརྟག་དཔྱད་ཀྱི་གྲངས་གཞིར་གཞིགས་ན། ཚེས་11ཉིན་བར། ཐེ་རོན་ཕུའུ་རྒྱལ་ཡོངས་ཀྱི་དམངས་ཀྱི་རེ་འདོད་བརྟག་དཔྱད་ཁྲོད་ཆ་སྙོམས་བྱས་ན་པའེ་ཏེང་ལས་བརྒྱ་ཆའི་གྲངས་2.7མཐོ་བ་ཡོད་པ་དང་། འགག་རྩའི་གཏན་འཁེལ་མེད་པའི་མངའ་སྡེའི་ནང་ཐེ་རོན་ཕུའུ་ལ་ཆ་སྙོམས་བྱས་ན་པའེ་ཏེང་ལས་བརྒྱ་ཆ་4.1མཐོ་བ་ཡོད་པ་རེད།
པའེ་ཏེང་གིས་གསར་འགོད་པའི་ཚོགས་འདུའི་ཐོག དམངས་ཀྱི་རེ་འདོད་བརྟག་དཔྱད་ལས་ཁོང་ཕམ་པ་མངོན་མི་ཐུབ་ཅེས་བཤད་པ་རེད། པའེ་ཏེང་འདེམས་བསྐོའི་ཚོགས་པའི་ཉེ་དུས་ཀྱི་དྲན་ཐོ་ཞིག་ལས་མངོན་པར་གཞིགས་ན། པའེ་ཏེང་གིས་ངེས་པར་དུ་འགག་རྩའི་གཏན་འཁེལ་མེད་པའི་མངའ་སྡེའི་གསུམ་ཏེ། ཝུའེ་སི་ཁང་ཤིང་དང་། པིན་ཤིས་ཧྥ་ཉི་ཡ། སྨི་ཞེ་ཀེན་བཅས་ནས་འདེམས་བསྐོའི་རྒྱལ་ཁ་ལེན་དགོས། དེ་ནི་འདེམས་བསྐོར་རྒྱལ་ཁ་ལེན་པའི་འགག་རྩའི་མངའ་སྡེ་ཞིག་རེད།
དམངས་གཙོ་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཟླ་8པར་འཚོག་རྒྱུ་རེད། རྒྱལ་ཚོགས་ཀྱི་དམངས་གཙོ་ཏང་གི་མིར་བྲིས་པའི་འཕྲིན་ཡིག་ནང་པའེ་ཏེང་གིས་ཏང་ནང་ཁུལ་དུ་མཐུན་སྒྲིལ་བྱེད་དགོས་པའི་རེ་འབོད་བྱས་པ་རེད། ཁོང་གིས་གསུངས་དོན། རང་ཉིད་འདེམས་བསྐོ་ལས་ཕྱིར་འཐེན་བྱེད་དགོས་མིན་སྐོར་གྱི་གྲོས་བསྡུར་མཇུག་འགྲིལ་བའི་དུས་ལ་སླེབས་ཡོད། ད་ཆ་དམངས་གཙོ་ཏང་ལ་ལས་འགན་གཅིག་མ་གཏོགས་མེད་པ་དང་། དེ་ནི་ཐེ་རོན་ཕུའུ་ཕམ་ཉེས་གཏོང་རྒྱུ་དེ་རེད།
སྤྱི་མཐུན་ཏང་གིས་གཟའ་འཁོར་རྗེས་མར་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་འཚོག་རྒྱུ་ཡིན་པ་དང་། ཐེ་རོན་ཕུའུ་ཡིས་ཚོགས་ཆེན་རིང་སྤྱི་མཐུན་ཏང་གི་སྲིད་འཛིན་འོས་མིའི་མིང་འདོན་དངོས་སུ་དང་ལེན་བྱ་རྒྱུ་རེད། ཉིན་ཤས་གོང་ཐེ་རོན་ཕུའུ་ཡིས་པའེ་ཏེང་འདེམས་བསྐོ་ལས་ཕྱིར་འཐེན་བྱ་རྒྱུའི་ངོས་འཛིན་བྱེད་ཀྱི་མེད། ཁོང་གིས་པའེ་ཏེང་དང་འགྲན་རྩོད་བྱ་རྒྱུའི་གྲ་སྒྲིག་ཡག་པོ་བྱས་ཡོད་ཅེས་བཤད་པ་རེད།
(ཤིན་ཧྭ་གསར་འགྱུར་ཁང་ཝ་ཧྲིང་ཐོན་ནས་ཟླ་7ཚེས་12ཉིན་འབྱོར་བའི་གློག་འཕྲིན)
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社