分享按钮

ཀྲུང་གོའི་འཐུས་མིས་ས་ཁུལ་ཁག་གཅིག་གི་རྒྱལ་ཁབ་ཀྱིས་རྒྱལ་ཁབ་དེ་གའི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་རེ་འབོད་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་7ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་གཞོན་པ་ཀེང་ཧྲོང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཨ་ཧྥེ་རི་ཁ་ནུབ་མ་དང་ས་ཧོ་ལེའི་གནད་དོན་གྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥེ་རི་ཁའི་བྱ་ཐབས་ཐོག་ནས་ཨ་ཧྥེ་རི་ཁའི་གནད་དོན་ཐག་གཅོད་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ནས་གནོན་ཤུགས་ཆེན་པོ་མི་སྤྲོད་པ་དང་ཕྱོགས་ཁག་གིས་སྐད་ཆ་ཤོད་རེས་བྱས་པ་བརྒྱུད་མི་མཐུན་པའི་ཆ་སེལ་རྒྱུར་སྐུལ་མ་གཏོང་བ་དང་། ས་ཁུལ་དེ་གའི་རྒྱལ་ཁབ་ཀྱིས་རྒྱལ་ཁབ་དེ་གའི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས་ཞེས་བཤད་པ་རེད།

ཀེང་ཧྲོང་གིས་འདི་ལོའི་ཚུན་དུ། སེ་ནེ་ཀལ་དང་མོ་རི་ཐ་ཉི་ཡའི་འདེམས་བསྐོ་ཆེན་མོ་བདེ་བླང་ངང་ལེགས་གྲུབ་བྱུང་བ་དང་། ཀག་ན་དང་ཁོ་ཐེ་ཏི་ཝོར་གྱིས་འདེམས་བསྐོའི་གྲ་སྒྲིག་ཧུར་ཐག་བྱས་པ། པུའུ་ཅི་ན་ཧྥ་སོས་རྒྱལ་ནང་གི་ཆབ་སྲིད་ཐད་ཀྱི་སྐད་ཆ་ཤོད་རེས་བྱེད་བཞིན་ཡོད། ཆབ་སྲིད་ཀྱི་གྲོས་རིམ་གལ་ཆེན་དེ་དག་ལ་སྐུལ་འདེད་བཏང་བ་དེས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲ་བརྟན་དུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་དཔལ་འབྱོར་གཅིག་མཐུན་ཚོགས་པས(ནུབ་ཕྱོགས་གཅིག་མཐུན་ཚོགས་པ)དབུ་ཚོགས་འཚོགས་པ་དང་ནི་ཀྲེ་རི་ཡའི་སྲིད་འཛིན་སླར་ཡང་ནུབ་ཕྱོགས་གཅིག་མཐུན་ཚོགས་པའི་རེས་སྐོར་ཀྲུའུ་ཞིར་བདམས་ཐོན་བྱུང་བར་དགའ་བསུ་ཞུ་རྒྱུ་དང་། ཨ་ཧྥེ་རི་ཁ་ནུབ་ཕྱོགས་གཅིག་མཐུན་ཚོགས་པས་མུ་མཐུད་ས་ཁུལ་གྱི་རྒྱལ་ཁབ་ཁག་དང་མཐུན་སྦྱོར་མཉམ་ལས་བྱས་ཏེ་ས་ཁུལ་གྱི་མཐུན་སྒྲིལ་ཟབ་ཏུ་གཏོང་བ་དང་། ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་། ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།

ཀེང་ཧྲོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཧྥེ་གླིང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་དཔལ་འབྱོར་གཅིག་མཐུན་ཚོགས་པ་དང་ས་ཁུལ་རྒྱལ་ཁབ་ཀྱིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་ཆེད་འབད་བརྩོན་བྱས་པར་བསྔགས་བརྗོད་བྱ་རྒྱུ་དང་།ས་ཁུལ་དེའི་འཇིགས་སྐུལ་རིང་ལུགས་ཀྱི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད་པར་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།ཀྲུང་གོ་ཕྱོགས་ཀྱིས་ཧྥེ་གླིང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་དཔལ་འབྱོར་གཅིག་མཐུན་ཚོགས་པས་མཉམ་འབྲེལ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དཔུང་སྡེ་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བར་དགའ་བསུ་ཞུ་རྒྱུ་དང་དེ་བཞིན་གླིང་ཆེན་ཨ་ཧྥེ་རི་ཁའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་རིམ་པ་མཐོ་བའི་ཚོགས་འདུའི་ཐོག་ནི་ཀྲེ་རི་ཡར་ས་ཁོངས་འཇིགས་རྒོལ་ལྟེ་གནས་བསྐྲུན་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་།ཧྥེ་གླིང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་དཔལ་འབྱོར་གཅིག་མཐུན་ཚོགས་པས་ས་ཁུལ་གྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཐད་གཙོ་ཁྲིད་ཀྱི་ནུས་པ་མུ་མཐུད་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་།ས་ཁུལ་གྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གྲོས་འགོ་ཁག་ལ་སྤྱི་འདོམས་མཐུན་སྦྱོར་བྱར་རྒྱུར་ཤུགས་སྣོན་རྒྱག་རྒྱུ།མ་ལི་དང་།ནི་ཀྲེར།པུའུ་ཁི་ན་ཧྥ་སོ་སོགས་རྒྱལ་ཁབ་ནི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མདུན་གྲལ་དུ་གནས་པ་དང་།འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་སྐུལ་མདུན་དུ་ཐོག་མར་གདོང་མཆོང་བྱས་པར་བརྟེན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མ་དངུལ་དང་།སྒྲིག་ཆས།རྒྱབ་ཕྱོགས་མཁོ་སྒྲུབ་མཁོ་སྤྲོད་སོགས་ཐད་དགེ་མཚན་ལྡན་པའི་རྒྱབ་སྐྱོར་དེ་བས་མང་བ་བྱེད་དགོས་ཞེས་བཤད།

ཀེང་ཧྲོང་གིས་མིག་སྔར་ས་ཧོ་ལེ་ས་ཁུལ་གྱི་མང་ཚོགས་ཁྲི་2500ལྷག་ཙམ་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཀྱི་དགོས་མཁོ་ཆེན་པོ་ཡོད་པ་དང་།མི་ཁྲི་3200ལྷག་ཙམ་ལ་འབྲུ་རིགས་བདེ་འཇགས་ཀྱི་ཉེན་ཁ་འཕྲད་ཡོད།རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་རོགས་སྐྱོར་བྱེད་ཤུགས་རྒྱུན་འཁྱོངས་བྱས་ཏེ།ཁས་ལེན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།ས་ཁུལ་གྱི་རྒྱལ་ཁབ་ལ་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་རོགས་རམ་བྱས་ཏེ་འཇིགས་སྐུལ་རིང་ལུགས་དང་དྲག་ཤུགས་ཀྱི་འབྱུང་རྩ་མེད་པར་བཟོ་དགོས་ཞེས་བཤད།

ཀེང་ཧྲོང་གིས་མི་རིང་བའི་གོང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དུས་ཡུན་ལོ་གསུམ་སོང་རྗེས་སླར་ཡང་ས་ཁུལ་གྱི་དུས་བབ་ཐད་ཀྲུའུ་ཞིའི་གསལ་བསྒྲགས་སྤེལ་བ་དེའི་ཐོག་ནས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ས་ཁུལ་གྱི་དུས་བབ་ལ་དོ་ཁུར་བྱེད་པ་གང་ལེགས་མཚོན་པ་དང་།ཀྲུང་གོ་ཕྱོགས་ཀྱིས་དེར་དགའ་བསུ་ཞུ་རྒྱུ་ཡིན།ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་ཨ་ཧྥེ་རི་ཁ་ནུབ་མ་དང་ས་ཧོ་ལེ་གནད་དོན་གྱི་དམིགས་བསལ་འཐུས་མི་ཤིས་མང་དང་མཉམ་འབྲེལ་རྒྱལ་ཚོགས་ཨ་ཧྥེ་རི་ཁ་ནུབ་མ་དང་ས་ཧོ་ལེ་ས་ཁུལ་གྱི་དོན་གཅོད་ཁྲུའུ་ཡི་ལས་དོན་ལ་མུ་མཐུད་རྒྱབ་སྐྱོར་བྱས་ཏེ་ས་ཁུལ་གྱི་རྒྱལ་ཁབ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་།ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

(བསྟན་རྡོར་དང་བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-07-15 6 6 拉萨日报藏文 c184347.html 1 ཀྲུང་གོའི་འཐུས་མིས་ས་ཁུལ་ཁག་གཅིག་གི་རྒྱལ་ཁབ་ཀྱིས་རྒྱལ་ཁབ་དེ་གའི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་རེ་འབོད་བྱས་པ། /enpproperty-->