ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ལྷ་ས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་ཀྱི་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ་དང་། ལྷ་སའི་གནའ་གྲོང་ཁུལ་གྱི་ཉམས་འགྱུར་ལེགས་སུ་གཏོང་བའི་དམིགས་ཚད་དང་ལས་འགན་ལ་དམིགས་ནས། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་སྐུལ་འདེད་འོག གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱས་ཏེ། རང་གྲོང་གི་འགྲོ་ལམ་སྔོ་འགྱུར་དང་ལེགས་སུ་གཏོང་བའི་ལས་གྲྭ་སྒྲིག་འཛུགས་དང་ལག་བསྟར་བྱས་ཡོད། མིག་སྔར་ལས་དོན་ཁག་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བཞིན་ཡོད་པར་མ་ཟད། གྲུབ་འབྲས་ཀྱང་རགས་ཙམ་ཐོབ་ཡོད།
ཉིན་ཤས་གོང་། གསར་འགོད་པས་སྒྱུར་བཀོད་ལེགས་གྲུབ་ཟིན་པའི་ནོར་སྟོད་ལམ་གྱི་ཁང་བཟང་ལྡུམ་རའི་སྔོ་འགྱུར་ཁུལ་ཁོད་སྙོམས་པ་དང་། སྔོ་ལྗང་ཁུལ་མཐའ་འཁོར་གྱི་མེ་ཏོག་དང་རྩི་ཤིང་སྣ་ཚོགས་མཛེས་སྡུག་ལྡན་པས་མི་རྣམས་ཀྱི་མིག་གི་ལོངས་སྤྱོད་ཡག་པོ་ཞིག་ཏུ་གྱུར་ཡོད་པ་མཐོང་བ་རེད། ཡུལ་འདི་གའི་ལམ་ཕྲན་དུ་སྐྱོད་སྐབས། སེམས་ཁམས་བག་ཕེབས་དང་སྤྲོ་སྣང་གི་ཚོར་སྣང་ཞིག་སྐྱེ་ཡི་འདུག གསར་འགོད་པས་བཅིངས་གྲོལ་དཀྱིལ་ལམ་ནས་སྒྱུར་བཀོད་ལེགས་གྲུབ་བྱུང་བའི་ས་ཁུལ་གྱི་སྔོ་འགྱུར་མཛེས་ལྗོངས་ནུས་ལྡན་ངང་ལེགས་སུ་ཕྱིན་པར་མ་ཟད། ཚོད་ལྟའི་ཁུལ་དུ་རིག་ནུས་ཅན་གྱི་ཆུ་འདྲེན་མ་ལག་ཀྱང་སྤྱད་ནས་སྔོ་འགྱུར་རྩི་ཤིང་ལ་གནད་ལ་འཁེལ་བའི་སྒོ་ནས་ཆུ་འདྲེན་རྒྱུ་འགན་ལེན་བྱས་པ་མཐོང་ཡོད། འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རིག་ནུས་ཅན་གྱི་ཆུ་འདྲེན་མ་ལག་ཚོད་ལྟ་ལེགས་གྲུབ་བྱུང་ཚེ་ལམ་དུམ་གཞན་དུ་ཁྱོན་ཡོངས་ནས་ཁྱབ་གདལ་དུ་གཏོང་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རང་གྲོང་གི་འགྲོ་ལམ་སྔོ་འགྱུར་དང་ལེགས་སུ་གཏོང་བའི་སྒྱུར་བཀོད་ལས་གྲྭར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་1.51བཏང་བ་དང་། རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་6.74ཡི་གྲོང་ཁུལ་ཁྱབ་ཁོངས་ནང་ལེགས་སུ་གཏོང་རྒྱུར་ཆ་རྐྱེན་འཛོམས་པའི་གྲོང་ཁྱེར་གྱི་གཞུང་ལམ་གཙོ་བོ་ཚང་མར་ཁྱབ་པར་བྱས་ཏེ་ཁྱོན་འགྲོ་ལམ་19དང་སྤྱིའི་རིང་ཚད་ལ་སྤྱི་ལེ་26.59དང་འབྲེལ་བ་ཡོད། སྔོ་འགྱུར་གྱི་རྒྱ་ཁྱོན་ལ་སྤྱི་ཆིང་10.99ཟིན་ཡོད། སྒྱུར་བཀོད་ཀྱི་ནང་དོན་གཙོ་བོའི་ཁྲོད་འགྲོ་ལམ་གྱི་སྔོ་ལྗང་ཁུལ་དང་།མི་བགྲོད་གཞུང་ལམ་གྱི་སྔོ་ལྗང་ཁུལ། ལམ་འགྲམ་གྱི་སྔོ་ལྗང་ཁུལ། གྲོང་ཁྱེར་གྱི་རྣམ་པ་སྒྲིག་བཀོད་མཛེས་བཟོ་དང་ལེ་ལག་ཚང་བའི་ཆུ་འདྲེན་མ་ལག་སོགས་ལྗང་མདོག་ཁུལ་མང་དུ་གཏོང་བ་དང་། ཁྲོམ་གཞུང་རེར་ཡུལ་ལྗོངས་རེ། དུས་བཞིར་རྒྱུན་ལྗང་། སྐྱེ་དངོས་མང་པོ་བཙུགས་པ། སྤྱི་གླིང་མཛེས་པོ། ཁྲིམས་འགལ་ཀྱི་རིགས་བཤིག་ནས་སྔོ་ལྗང་ཅན་དུ་བསྒྱུར་བ། རྫིང་བུ་མཛེས་བཟོ་བཅས་ཀྱི་སྒྱུར་བཀོད་ཐབས་ཇུས་ཆེ་གྲས་བདུན་སྤྱད་དེ་རྩི་ཤིང་སྣ་ཁ་85འདེབས་འཛུགས་བྱ་རྒྱུའི་འཆར་གཞི་ཡོད་པ་རེད། ཁྲོམ་གཞུང་རེར་ཨར་ལས་འཆར་འགོད་རི་མོ་གཅིག་གི་འཛུགས་སྐྲུན་བྱེད་སྟངས་གཞིར་བཟུང་། ཁྲོམ་གཞུང་རེར་ཡུལ་ལྗོངས་རེ་དང་། ཁྲོམ་གཞུང་རེར་སྤུས་རྟགས་རེའི་སྤུས་ཚད་མཐོ་བའི་མཛེས་ལྗོངས་འགྲོ་ལམ་ནུས་ཤུགས་ཡོད་རྒུས་བཏོད་དེ་རྒྱ་ཆེའི་གྲོང་མིར་སྤྲོ་གསེང་དང་རོལ་རྩེད་བྱེད་ཆོག་པའི་ཁྲོམ་གཞུང་ཞིག་མཁོ་འདོན་བྱས་ཡོད།
རྣམ་གྲངས་དེ་ཟླ་6པའི་ཟླ་སྟོད་དུ་ལག་བསྟར་བྱེད་འགོ་ཚུགས་པ་ནས་བཟུང་། གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་ཏེ།རྣམ་གྲངས་ཀྱི་སྤུས་ཚད་དང་།མྱུར་ཚད།བདེ་འཇགས་བཅས་ཚོད་འཛིན་ནན་པོ་བྱས་པ་རེད།
ཕྱིས་འབྱུང་། གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་དེ་ཆེད་དོན་ལ་སྐུལ་འདེད་གཏོང་བ་དང་། ཆེད་དོན་བཀོད་གཏོང་མཐའ་འཁྱོངས། འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ལས་གྲྭའི་མྱུར་ཚད་མགྱོགས་སུ་གཏོང་བ་བཅས་བྱ་རྒྱུ་མ་ཟད། དོ་དམ་དང་སྲུང་སྐྱོང་གི་ལས་དོན་ལ་གཅིག་གྱུར་ཐོག་སྐུལ་འདེད་བཏང་ནས་སྔོ་ལྗང་ཅན་གྱི་སྤུས་ཚད་དང་ཕན་འབྲས་འགན་ལེན་བྱ་རྒྱུ་ཡིན་པ་རེད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社