分享按钮

ལི་ཆང་གིས་ཅང་ཞི་རུ་ཆུ་ལོག་འགོག་པའི་ལས་དོན་ལ་ཞིབ་བཤེར་དང་ མཛུབ་སྟོན་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་ནན་ཁྲང་ནས་ཟླ་7ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་ལི་ཆང་གིས་ཟླ7པའི་ཚེས1ཉིན་ནས་ཚེས2ཉིན་བར་ཅང་ཞི་ཅིའུ་ཅང་དུ་ཆུ་ལོག་འགོག་པའི་ལས་དོན་ལ་ཞིབ་བཤེར་དང་མཛུབ་སྟོན་གནང་བ་རེད། ཁོང་གིས་ནན་གསུངས་གནང་དོན། དེང་སྐབས་ནི་ཆུ་ལོག་རྒྱས་པའི་དུས་ལ་སླེབས་ཡོད་པ་དང་། ཆུ་ལོག་འགོག་པའི་བྱ་བ་དེ་གནད་འགག་གི་དུས་རིམ་དུ་སླེབས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆུ་ལོག་གི་གནས་ཚུལ་དང་ཆུ་ལོག་གི་གནོད་འཚེའི་གནས་ཚུལ་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་བ་དང་། མང་ཚོགས་ཀྱི་བདེ་སྡུག་ཐུགས་ལ་བཅངས་ནས་ཐེངས་མང་པོར་མཛུབ་སྟོན་གལ་ཆེན་གནང་ཡོད། ང་ཚོས་ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་དགོས་པ་དང་། ཉེན་ཁའི་འདུ་ཤེས་དང་མཐའ་ཚད་འཛིན་སེམས་སྔར་ལས་ཟབ་ཏུ་བཏང་སྟེ། ཆུ་མ་ཡོང་གོང་ལ་རགས་རྒྱག་པ་རྒྱུན་འཁྱོངས་བྱས་ནས་ཆུ་སྐྱོན་ཆེན་པོ་སྔོན་འགོག་དང་། ཉེན་ཁ་སེལ་བ། རྒུད་སྐྱོབ་བྱེད་པ་བཅས་ལ་རྐང་འཛུགས་དགོས་པ། རིམ་པ་བཞིན་འགན་འཁྲི་ནན་སྒྲུབ་དང་མཐུན་སྦྱོར་གཞོགས་འདེགས་ཇེ་ཡག་ཏུ་བཏང་ནས་ཆུ་འགོག་ཉེན་སེལ་རྒུད་སྐྱོབ་ཀྱི་ལས་དོན་ཁག་ལྷོད་གཡེང་སྤུ་ཙམ་ཡང་མེད་པར་ལེགས་པར་བསྒྲུབས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་། རྒྱུ་ནོར་གྱི་བདེ་འཇགས། སྤྱི་ཚོགས་ཡོངས་བརྟན་ལྷིང་ཡོང་བ་བཅས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས།

ལི་ཆང་འབྲི་ཆུ་དང་ཕའོ་དབྱང་མཚེའུ་འདྲེས་མཚམས་ཀྱི་མཚོ་ཁའི་ཆུ་དཔྱད་ས་ཚིགས་སུ་ཕེབས་ནས་འབྲི་ཆུ་དང་ཕའོ་དབྱང་མཚེའུ་ཡི་ཆུ་ལོག་སྔོན་འགོག་གྲ་སྒྲིག་ལས་དོན་ལ་རྒྱུས་ལོན་གནང་ཞིང་། ཆུ་དཔྱད་ལྟ་ཞིབ་ཚད་ལེན་གྱི་གནས་ཚུལ་ཐད་ནས་ཞིབ་ཏུ་འདྲི་རྟོགས་གནང་བ་རེད། ལི་ཆང་གིས་གསུངས་དོན། གནམ་གཤིས་སྔོན་བརྡ་དང་ཉེན་བརྡ་གཏོང་བ་ནི་གནོད་འགོག་ཉེན་གཡོལ་གྱི་འགོག་སྲུང་འཛིང་རགས་དང་པོ་ཡིན་པས། ཆ་འཕྲིན་དང་ཚན་རྩལ་གྱི་བྱ་ཐབས་བེད་སྤྱོད་གང་ལེགས་བྱས་ནས་སྡེ་ཚན་མཉམ་འབྲེལ་གྱིས་གྲོས་མོལ་དང་རེས་སྐོར་ཞིབ་འཇུག བརྡར་ཤ་གཅོད་པ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། སྔོན་བརྡ་གཏོང་ཡུན་ཇེ་རིང་དུ་གཏོང་གང་ཐུབ་དང་། ཐེངས་མང་པོར་སྔོན་ལ་ཚད་འཇལ་བ། ཡང་དག་པའི་ཚད་ཇེ་མཐོར་གཏོང་བ་བཅས་ལ་ཤུགས་སྣོན་དགོས། ལི་ཆང་ཉིའུ་ཅའོ་བུའུ་ཝེ་ཆུ་རགས་སུ་ཕེབས་ཏེ་འབྲི་ཆུའི་ཆུ་རགས་བཅོས་སྐྱོང་དང་ཇེ་བརྟན་དུ་གཏོང་ཚུལ་སྐོར་གྱི་ངོ་སྤྲོད་ལ་གསན་རྗེས་འཕྲལ་སྡོམ་ལས་རེས་མི་སྣ་དང་གླེང་མོལ་གནང་བ་རེད། ཁོང་གིས་གསུངས་དོན། ཉེན་ཁ་འབྱུང་རྒྱུར་སྐྲག་མི་དགོས་པར་ཉེན་ཁ་མི་མཐོང་བ་དེར་སྐྲག་དགོས། ཆར་པ་ཇི་ཙམ་ཆེ་ན་དེ་ཙམ་གྱིས་ཆུ་རགས་ལ་སྐོར་ཞིབ་དང་འགོག་སྲུང་ལ་ཤུགས་སྣོན་བརྒྱབ་ནས་ཉམས་ཞན་གྱི་གནས་སུ་མི་ཇེ་མང་དུ་གཏོང་བ་དང་། གེགས་སེལ་དངོས་ཟོག་འདང་ངེས་གྲ་སྒྲིག་བྱེད་དགོས་པར་མ་ཟད། ཉེན་ཁའི་གནས་ཚུལ་སྔ་ཙམ་ནས་ཤེས་རྟོགས་ཐུབ་པ་དང་སྔ་ཙམ་ནས་ཁ་གཏད་གཅོག་ཐུབ་པར་བྱེད་དགོས།

ལི་ཆང་ལུའུ་ཧྲན་གྲོང་ཁྱེར་གྱི་པའེ་ལུའུ་གྲོང་རྡལ་ཝང་ཅ་ལུང་ཚོགས་ཆུང་གི་ས་གཤིས་གནོད་འཚེ་ཐེབས་ཡུལ་དུ་ཕེབས་ནས་རི་ཉིལ་བཅོས་སྐྱོང་བྱ་ཡུལ་དངོས་སུ་རི་ཉིལ་བ་དང་འཕྲུལ་ཆས་ཀྱིས་ལས་ཀ་སྒྲུབ་པའི་འཕེལ་རིམ་ལ་གཟིགས་ཞིབ་གནང་ཞིང་། མང་ཚོགས་བཀོད་སྒྲིག་བྱས་པའི་གནས་ཚུལ་ལ་ཞིབ་ཏུ་བཀའ་འདྲི་གནང་བ་རེད། ལི་ཆང་གིས་དེང་སྐབས་རི་ཉིལ་བ་དང་འདམ་རྡོ་ལྷུང་བ་སོགས་ས་གཤིས་ཀྱི་གནོད་འཚེ་ཐོན་མང་བའི་དུས་སུ་སླེབས་ཡོད་པས།“སྔོན་འགོག”ཨང་དང་པོར་བཞག་ནས་ས་གཤིས་གནོད་འཚེའི“མི་མངོན་པའི་རྐྱེན་ངན་འབྱུང་ས་དང་ཉེན་ཁའི་ཁུལ”གཉིས་ལ་མཉམ་དུ་ཚོད་འཛིན་བྱེད་པའི་བླང་བྱ་དོན་འཁྱོལ་བྱེད་པ་དང་། ཉེན་ཁའི་གནས་ཚུལ་གལ་ཆེན་ཤེས་རྟོགས་བྱུང་ཚེ་འཇིགས་ཉེན་ཐོན་པའི་ས་ཁོངས་ཀྱི་སྡོད་དམངས་དུས་ཐོག་ཏུ་གནས་སྤོས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ཐབས་བརྒྱ་ཇུས་སྟོང་གིས་འགན་སྲུང་བྱེད་དགོས་ཞེས་གསུངས་པ་རེད།

པེ་ལུའུ་གྲོང་རྡལ་དུ། ལི་ཆང་གིས་ཆུ་ལོག་འགོག་པའི་གནས་བབ་དབྱེ་ཞིབ་ཚོགས་འདུ་འཚོགས་ཤིང་། ཅང་ཞི་ཞིང་ཆེན་དང་ལུའུ་ཧྲན་གྲོང་ཁྱེར། པེ་ལུའུ་གྲོང་རྡལ་དང་འཕྲལ་སྡོམ་པུའུ། རང་བྱུང་ཐོན་ཁུངས་པུའུ། ཆུ་བེད་པུའུ། ཀྲུང་གོ་གནམ་གཤིས་བརྟག་དཔྱད་ཅུའུ་ཡི་འགན་ཁུར་བློ་མཐུན་གྱིས་ཕུལ་བའི་སྙན་ཞུར་གསན་རྗེས། ལི་ཆང་གིས་གསུངས་དོན། ད་ལོར་རྒྱུན་ལྡན་མ་ཡིན་པའི་གནམ་གཤིས་མང་བས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་དོགས་ཟོན་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཆུ་ལོག་རྒྱས་པའི་དུས་སྐབས་བདེ་འཇགས་ངང་བརྒལ་ཐུབ་རྒྱུར་འགན་ལེན་བྱེད་དགོས། གནོད་འཚེའི་སྔོན་བརྡ་དང་ཉེན་བརྡ་གཏོང་ཤུགས་དང་འཕྲལ་བསྟུན་དང་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས་ན། གནོད་འཚེའི་ཉེན་བརྡར“ཁ་གཏད་གཅོག”པའི་ལམ་སྲོལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། དྲག་ཆར་བབས་རྗེས་དེ་དང་འབྲེལ་བའི་གནོད་འཚེ་སྣ་ཚོགས་མི་ཐོན་པར་སྔོན་འགོག་ནན་པོ་དང་། གྲོང་ཁྱེར་གྱི་ཆུ་ལོག་སྔོན་འགོག་དང་ཆུ་ཕྱིར་འབུད་སོགས་ལ་ཁྱོན་ཡོངས་ནས་གྲལ་བཤེར་བྱས་ཏེ། ཞིང་ཁའི་ཆུ་ལོག་འགོག་པ་དང་ཆུ་ཕྱིར་གཏོང་བའི་ཞན་ཆ་མགྱོགས་མྱུར་གྱིས་ཁ་གསབ་བྱེད་དགོས། ཆུ་བེད་བཟོ་སྐྲུན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གཅིག་གྱུར་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་སྒོ་ནས་ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་དང་གེགས་སེལ་རོགས་སྐྱོབ་ཡག་པོ་བྱེད་དགོས། རྒྱུན་ལྡན་མ་ཡིན་པའི་གནས་ཚུལ་ལ་དོགས་ཟོན་དང་ཁ་གཏད་འཇལ་བའི་བྱེད་ཐབས་འདང་ངེས་བཟོས་ཏེ། གནོད་འཚེ་བྱུང་ཚེ་དུས་ཚོད་དང་པོའི་ནང་རོགས་སྐྱོབ་བྱས་ནས་མི་སྣ་ཤི་རྨས་དང་གནོད་འཚེའི་གྱོང་གུན་ཆེས་དམའ་ཤོས་སུ་གཏོང་དགོས། ཐན་པ་སྔོན་འགོག་དང་གནོད་འཚེ་ཇེ་ཉུང་དུ་བཏང་ནས་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་དང་སྟོན་བསྡུའི་ལས་དོན་ལ་འགན་ལེན་བྱེད་དགོས།

ཝུའུ་ཀྲེང་ལུང་ལྷན་དུ་རྟོག་ཞིབ་ལ་ཕེབས་པ་རེད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-07-08 6 6 拉萨日报藏文 c184035.html 1 ལི་ཆང་གིས་ཅང་ཞི་རུ་ཆུ་ལོག་འགོག་པའི་ལས་དོན་ལ་ཞིབ་བཤེར་དང་ མཛུབ་སྟོན་གནང་བ། /enpproperty-->