ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་ལྗོངས་གཡག་རྟེན་མཛོད་གླིང་གི་བཟོ་ཚོགས་ཀྱིས་ཆུ་ཤུར་རྫོང་འཇུན་པ་གྲོང་ཚོར་མངོན་མིན་རིག་གནས་ཤུལ་བཞག་གཙོ་དོན་དུ་བྱས་པའི་བྱེད་སྒོ་ཞིག་སྤེལ་ཞིང་། བྱེད་སྒོའི་ཁྲོད། སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཡོན་དང་དེང་རབས་མིའི་འཚོ་བ་ཟུང་འབྲེལ་བྱས་ཏེ། ལས་བཟོ་བ་ཚོས་མངོན་མིན་རིག་གནས་རྟོགས་ཐུབ་པར་བྱས་པར་མ་ཟད། རིག་གནས་ཀྱི་གདེང་ཚོད་དང་རྒྱུན་འཛིན་གྱི་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ཡོད།
བྱེད་སྒོ་སྤེལ་བའི་ཉིན་དེར་འཇུན་པ་གྲོང་ཚོའི་ཀོ་གྲུའི་སྒར་སར་བོད་ལྗོངས་གཡག་རྟེན་མཛོད་གླིང་ཀྲི་པུའི་གཞོན་ནུ་ཨུ་ཡོན་གྱིས་མངོན་མིན་རིག་གནས་ཤུལ་བཞག་དང་ཟུང་འབྲེལ་བྱས་ནས་སྒྲོག་འགྲེལ་བྱས་པ་དང་། དེ་ནས་ལས་བཟོ་བ་དང་མང་ཚོགས་མཉམ་དུ་མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་གྱི་བྱེད་སྒོའི་ནང་ཞུགས་ཤིང་། ཁོང་ཚོས་མངོན་མིན་རིག་གནས་ཤུལ་བཞག་གི་ཀོ་གྲུ་མཚེའུ་ཡི་ཐོག་ཏུ་བཏང་ནས་སྲོལ་རྒྱུན་ལག་ཤེས་དང་དེང་རབས་འཚོ་བར་རྒྱུས་ལོན་བྱས་པ་དང་། མཇུག་ཏུ་ལས་བཟོ་བ་ཚོས་ཀོ་གྲུ་བཟོ་སྟངས་ཚོད་ལྟ་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་གི་དམིཊ་བསལ་ཁྱད་ཆོས་ཉམས་ལེན་བྱས་པ་རེད།
བོད་ལྗོངས་གཡག་རྟེན་མཛོད་གླིང་གི་ལས་བྱེད་པ་བཀྲ་ཤིས་ཆོས་འཛོམས་ཀྱིས་མཛེས་སྡུག་ལྡན་པའི་འཇུན་པ་གྲོང་ཚོར་སླེབས་པས་ཧ་ཅང་དགའ་པོ་བྱུང་། སྔོན་ཆད་དཔེ་དེབ་དང་རྟེན་མཛོད་ཁང་ནས་མ་གཏོགས་ཀོ་གྲུ་མཐོང་མྱོང་མེད། ད་ལྟ་ཡུལ་དངོས་ནས་ཀོ་གྲུ་མཐོང་བྱུང་བས་ཚོར་སྣང་མི་འདྲ་བ་ཞིག་བྱུང་། ད་ལྟ་ངས་ཀྱང་ཀོ་གྲུ་སྒལ་པར་ཁུར་བ་ཡིན། སྒལ་པར་འཁུར་སྐབས་མི་ཐེག་པའི་སྣང་བ་ཞིག་ཤར་བྱུང་། དེ་ནས་ཚོད་ལྟ་ཐེངས་འགའ་བྱས་པས་ཧ་ཅང་ཡང་པོ་འདུག དེར་བརྟེན་བྱ་བ་གང་ཞིག་ཡིན་རུང་ཚོད་ལྟ་མང་ཙམ་བྱས་ཚེ་ལེཊ་གྲུབ་མི་ཡོང་བ་མི་འདུག་ཅེས་བཤད།
བོད་ལྗོངས་གཡག་རྟེན་མཛོད་གླིང་ནི་བོད་ཀྱི་ཁྱད་ལྡན་རིག་གནས་འགྲེམས་སྟོན་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཐོག་མཐའ་བར་གསུམ་དུ་མངོན་མིན་རིག་གནས་ཤུལ་བཞག་ཁྱབ་གདལ་དང་རྒྱུན་འཛིན་བྱ་རྒྱུར་གཞོལ་བཞིན་ཡོད། ད་ཐེངས་ཀྱི་བྱེད་སྒོ་དེ་རྟེན་མཛོད་གླིང་གི་ཉར་ཚགས་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ། བཟོ་ཚོགས་ཀྱི་བྱེད་སྒོ་དང་ལས་སྒོའི་ལས་དོན་མཉམ་འདྲེས་གཏིང་ཟབ་བྱས་པ་དང་། སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོའི་ནང་དོན་བརྒྱུད་ལས་བཟོ་བ་ཚོར་མངོན་མིན་རིག་གནས་ཤུལ་བཞག་གི་དམིགས་བསལ་གྱི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་ཐུབ་པར་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་ཁྱབ་གདལ་དང་རྒྱུན་འཛིན་བྱ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
བོད་ལྗོངས་གཡག་རྟེན་མཛོད་གླིང་གི་ཉར་ཚགས་པུའི་འགན་འཁུར་བ་ཤེས་རབ་ཀྱིས་དེ་རིང་འཇུན་པ་གྲོང་ཚོར་ཀོ་གྲུ་བཏང་བ་དང་ཀོ་གྲུའི་ཞབས་བྲོར་མྱོང་རོལ་བྱས་པ་དང་དུས་མཚུངས་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་འགྲམ་ནས་ཀོ་གྲུ་བཟོ་སྟངས་དང་ཀོ་གྲུའི་ཞབས་བྲོ་འཁྲབ་སྟངས་ཀྱི་འབྲེལ་ཡོད་རིག་གནས་སྣང་ཚུལ་ཁག་གཅིག་ཤེས་རྟོགས་བྱས་པ་ཡིན། དེ་ལྟར་བྱས་ཚེ་སླད་ཕྱིན་ང་ཚོས་ཀོ་གྲུའི་འབྲེལ་ཡོད་ལོ་རྒྱུས་དང་འབྲེལ་ཡོད་ཆ་འཕྲིན་རྒྱུན་འཛིན་དང་དྲིལ་བསྒྲགས་ཡག་པོ་བྱེད་ཐུབ་ལ་ལྟ་སྐོར་བྱེད་མཁན་གྲོང་མི་དང་ཡུལ་སྐོར་བར་ཀོ་གྲུའི་རིག་གནས་སྣང་ཚུལ་འགྲེལ་བཤད་ཡག་པོ་རྒྱག་ཐུབ། དེའང་རིག་དངོས་རྒྱུན་འཛིན་བྱེད་པའི་བྱ་ཐབས་ཤིག་ཀྱང་རེད་ཅེས་བཤད།
(ཨོ་རྒྱན་ཚེ་རིང་དང་བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社