分享按钮

གར་སྟེགས་ཐོག་ཉམས་འགྱུར་དང་སྐད་གདངས་ལ་བརྟེན་ནས་ཕུགས་འདུན་མངོན་པར་བྱེད་པ།

སྐབས་བཅུ་པའི“ཚའོ་ཚན་བུམ་པའི”གཞོན་ནུ་ལོ་ཆུང་གི་གྱེར་འདོན་བྱེད་སྒོ་ལས་ལྷ་སའི་ཁུལ་གྱི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།རྒྱ་ཆེའི་གཞོན་ནུ་ལོ་ཆུང་ལ་ཆེད་ལས་དང་སྐད་ཡིག་རིག་གནས་ཀྱི་སྤེལ་རེས་འགྲེམས་སྟོན་སྟེགས་བུ་བསྐྲུན་ནས་གཞོན་ནུ་ལོ་ཆུང་གི་སྐད་ཡིག་སྒྱུ་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་།གཞོན་ནུ་ལོ་ཆུང་ཁྱོན་ཡོངས་ནས་འཕེལ་རྒྱས་དང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་ཆེད། ཉེ་ཆར། ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་རོགས་གཉེར་བྱས་པ། “ཚའོ་ཚན་བུམ་པའི”བོད་ལྗོངས་ལྷ་སའི་བྱེད་སྒོ་གཞུང་ལས་ཁང་གིས་སྒྲུབ་འགན་འཁུར་བའི་སྐབས་བཅུ་པའི“ཚའོ་ཚན་བུམ་པའི”གཞོན་ནུ་ལོ་ཆུང་གི་གྱེར་འདོན་འགྲེམས་སྟོན་བྱེད་སྒོ་ལས་ལྷ་སའི་ཁུལ་གྱི་འགྲེམས་སྟོན་བྱེད་སྒོ་སྤེལ་བར་ལྗོངས་ཡོངས་ཀྱི་ཕུལ་བྱུང་བདམས་ཐོན་པ་བརྒྱ་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ་བདམས་ཐོན་པ་ཆུང་ཆུང་ཚོས་ལོ་ཚོད་ལྟར་ཚོགས་ཆུང་ཁག་བགོས་ཀྱིས་འགྲེམས་སྟོན་བྱས་པ་དང་།གྱེར་འདོན་བརྩམས་ཆོས་ཀྱི་རིགས་ལ་སྙན་ངག་དང་།ལྷུག་རྩོམ།བརྩམས་སྒྲུང་།སྒྲུང་གཏམ་སོགས་ཚུད་ཡོད། བྱིས་པ་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་འགྱུར་ཁུག་སྙན་ལ་བརྩེ་དུང་ཟབ་མོའི་ཐོག་ནས་རང་ཉིད་ཀྱི་བརྩམས་ཆོས་འཁྲབ་སྟོན་བྱས་ཤིང་། སྐབས་རེ་སྐད་གསང་མཐོན་པོ་དང་སྐབས་རེ་སྐད་གདངས་དམའ་པོས་གྱེར་འདོན་བྱས་པ་ལས་ཁོང་ཚོའི་བློ་སེམས་དང་ཡིད་ཆེས་རབ་ཏུ་འཕེལ་བར་ཡུལ་དངོས་ཀྱི་ལྟད་མོ་བའི་ཡིད་དབང་འཕྲོག་ནས་ཐལ་མོ་ཡང་ཡང་བརྡབས་ཡོད། ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་མ་བསོད་ནམས་དཔལ་འཛོམས་ཀྱིས་ངས་གྱེར་འདོན་སློབ་སྦྱོང་བྱས་ནས་ལོ་གསུམ་ལྷག་ཙམ་ཕྱིན་སོང་།ན་ནིང་ཡང“ཚའོ་ཚན་བུམ་པའི”གྱེར་འདོན་འགྲེམས་སྟོན་བྱེད་སྒོར་ཞུགས་པ་ཡིན། བྱེད་སྒོ་དེ་བརྒྱུད་རྒྱལ་ཡོངས་ས་གནས་ཁག་གི་གྲོགས་པོ་ཆུང་ཆུང་དང་སྤེལ་རེས་བྱས་པ་ལས་ཕན་ཚུན་སློབ་སྦྱོང་དང་ཡར་ཐོན་ཡོང་གི་འདུག་ལ་ངའི་སློབ་སྦྱོང་ཐད་ཕན་ཐོགས་ཆེན་པོའང་བྱུང་ཞེས་བཤད།

ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད།ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་ལ་གྱེར་འདོན་ངོམ་ས་དང་ཀྲུང་གོའི་གཏམ་རྒྱུད་བརྗོད་པའི་གར་སྟེགས་ཤིག་མཁོ་འདོན་བྱས་ཡོད་ཅིང་།བདམས་ཐོན་པ་ཆུང་ཆུང་ཚོས་བྱེད་སྒོའི་ཁྲོད་བརྡ་སྤྲོད་པའི་ནུས་པ་མངོན་པར་བྱས་ནས་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་མཚོན་པར་བྱས་ཡོད། ཡུལ་དངོས་སུ་རིགས་གཅིག་མཁས་ཅན་དགེ་རྒན་གྱིས་བདམས་ཐོན་པ་ཚོའི་ཉམས་འགྱུར་ལ་དཔྱད་བརྗོད་བྱས་ནས་བདམས་ཐོན་པ་ཚོས་གྲ་སྒྲིག་ཞིབ་ཚགས་དང་བློ་གཅིག་སེམས་གཅིག་གིས་བྱེད་སྒོར་ཞུགས་པར་ཁས་ལེན་བྱས་པ་མ་ཟད། ད་དུང་རྣམ་འགྱུར་དང་། སྟངས་སྟབས། བརྩེ་སེམས།སྐད་གདངས་སོགས་ཀྱི་ཐད་ནས་མཛུབ་ཁྲིད་ཞིབ་ཕྲ་བྱས་ཡོད། ཁྲེང་ཀོན་ཆུས་སློབ་ཆུང་གཉིས་པའི་སློབ་མ་བདེ་སྐྱིད་གསལ་སྒྲོན་གྱིས་རང་ཉིད་གྱེར་འདོན་བྱ་རྒྱུར་ཧ་ཅང་དགའ་པོ་ཡོད། བུ་བཅོལ་ཁང་ནས་བཟུང་འགྲན་བསྡུར་སྣ་ཚོགས་ལ་ཞུཊ་མྱོང་ཡོད། འགྲན་བསྡུར་བྱས་པ་བརྒྱུད་རང་ཉིད་ཀྱི་ཉམས་འགྱུར་མངོན་ཐུབ་ལ་བློ་སྟོབས་དང་ཡིད་ཆེས་ཀྱང་འཕེལ་ཐུབ་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། “ཚའོ་ཚན་བུམ་པའི”གཞོན་ནུ་ལོ་ཆུང་གི་གྱེར་འདོན་འགྲེམས་སྟོན་བྱེད་སྒོ་དེ་2015ལོར་བཙུགས་པ་ཡིན་ཞིང་།དེའི་དམིགས་ཡུལ་ནི་མཛེས་རིག་ལ་བརྟེན་ནས་མི་སྣ་གསོ་སྐྱོང་དང་རིག་གནས་ལ་བརྟེན་ནས་སློབ་མ་བསྐྱངས་ཏེ།སློབ་མའི་མཛེས་དཔྱོད་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་། གྱེར་འདོན་སྒྱུ་རྩལ་ལྟེ་བར་འཛིན་པའི་སློབ་གསོ་དང་རིག་གནས་བྱེད་སྒོའི་འགྲེམས་སྟོན་སྤེལ་རེས་ཀྱི་སྟེགས་བུ་བསྐྲུན་ནས་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་ཁྱིམ་ཚང་དུ་ཁྱབ་པ་དང་གྱེར་འདོན་སྒྱུ་རྩལ་སློབ་གྲྭར་ཁྱབ་པར་སྐུལ་འདེད་གཏོང་རྒྱུ་དེ་རེད། བྱེད་སྒོ་དེ་བོད་དུ་ལོ་གསུམ་བསྟུད་མར་སྤེལ་ཡོད་ཅིང་། བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པ་དེས་གཞོན་ནུ་ལོ་ཆུང་ལ་སྤེལ་རེས་འགྲེམས་སྟོན་གྱི་སྟེགས་བུ་བསྐྲུན་ཡོད་པར་མ་ཟད། མཛུབ་སྟོན་དགེ་རྒན་ལ་སློབ་སྦྱོང་གི་གོ་སྐབས་ཤིག་ཀྱང་མཁོ་འདོན་བྱས་ཡོད་པས།སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་དང་གདེང་འཇོག་བཟང་པོ་ཐོབ་ཡོད། “ཚའོ་ཚན་བུམ་པའི”ལྷ་སའི་འགྲེམས་ཁུལ་གྱི་འགན་འཁུར་བ་བསྟན་འཛིན་དོན་གྲུབ་ཀྱིས་འདི་ལོ་ང་ཚོས་བདམས་ཐོན་པ་30བདམས་ནས་ཆིང་ཏའོ་རུ་གཉེར་བའི“ཚའོ་ཚན་བུམ་པའི”རྒྱལ་ཡོངས་འགྲེམས་སྟོན་བྱེད་སྒོར་ཞུགས་རྩིས་ཡོད། དེའི་དམིགས་ཡུལ་ནི་ང་ཚོ་བོད་ཀྱི་བདམས་ཐོན་པས་ལྗོངས་ཕྱིའི་ཕུལ་བྱུང་བདམས་ཐོན་པའི་གྱེར་འདོན་གྱི་རྩལ་ནུས་སོགས་ལ་སློབ་སྦྱོང་བྱས་ནས་ཁོང་ཚོའི་བརྡ་སྤྲོད་པའི་ནུས་པ་སྔར་བས་གོང་མཐོར་གཏོང་ཆེད་ཡིན་ཞེས་བཤད།

པར་འདི་ནི་སྐབས་བཅུ་པའི“ཚའོ་ཚན་བུམ་པའི”གཞོན་ནུ་ལོ་ཆུང་གི་གྱེར་འདོན་བྱེད་སྒོ་ལས་ལྷ་སའི་ཁུལ་གྱི་བྱེད་སྒོ་སྤེལ་བཞིན་པའི་རྣམ་པ་ཡིན་པ།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-07-04 སྐབས་བཅུ་པའི“ཚའོ་ཚན་བུམ་པའི”གཞོན་ནུ་ལོ་ཆུང་གི་གྱེར་འདོན་བྱེད་སྒོ་ལས་ལྷ་སའི་ཁུལ་གྱི་བྱེད་སྒོ་སྤེལ་བ། 6 6 拉萨日报藏文 c183735.html 1 གར་སྟེགས་ཐོག་ཉམས་འགྱུར་དང་སྐད་གདངས་ལ་བརྟེན་ནས་ཕུགས་འདུན་མངོན་པར་བྱེད་པ། /enpproperty-->