分享按钮

ལོ་སྟོད་དུ་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་སླར་ཡང་ སྐྱེལ་འདྲེན་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ད་ལོའི་ལོ་སྟོད་དུ་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་བདེ་འཇགས་དང་། བརྟན་པོ། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་སྐྱེལ་འདྲེན་གྱི་ཚད་འཕར་བར་བྱས་ཤིང་། དུས་གཏན་གནམ་གྲུ་བབས་འཕུར་ཐེངས་གྲངས་ཁྲི་3.23བྱས་པ་དང་། འགྲུལ་པ་མི་ཐེངས་ཁྲི་359.1སྐྱེལ་འདྲེན་བྱས་པ། དངོས་ཟོག་ཏུན་ཁྲི་2.4སྐྱེལ་འདྲེན་བྱས་ནས་དུས་མཚུངས་ལས་བརྒྱ་ཆ་17.2དང་། བརྒྱ་ཆ་17.9 བརྒྱ་ཆ་12.6བཅས་འཕར་ཡོད། དེའི་ནང་ནས་ལྷ་སའི་གུང་དཀར་རྒྱལ་སྤྱིའི་གནམ་ཐང་ནས་དུས་གཏན་གནམ་གྲུ་བབས་འཕུར་ཐེངས་ཁྲི་2.4བྱས་པ་དང་། འགྲུལ་པ་མི་ཐེངས་ཁྲི་284.4སྐྱེན་འདྲེན་བྱས་པ། དངོས་ཟོག་ཏུན་ཁྲི་2.1སྐྱེལ་འདྲེན་བྱས་པས་དུས་མཚུངས་ལས་བརྒྱ་ཆ་17.7དང་། བརྒྱ་ཆ་18.0 བརྒྱ་ཆ་11.9བཅས་འཕར་ཡོད། ཟླ་6ཚེས་29ཉིན་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་དུ་འགྲོ་འོང་བྱེད་པའི་དུས་གཏན་གནམ་གྲུ་ཐེངས་223ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུས་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐོན་སྐྱེད་བདེ་འཇགས་སྐོར་གྱི་རྣམ་བཤད་གལ་ཆེན་དང་། ལྷག་པར་དུ་དམངས་སྤྱོད་མཁའ་འགྲུལ་བདེ་འཇགས་ལས་དོན་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་བརྩི་སྲུང་ཞུས་ཤིང་། བདེ་འཇགས་ལ་གནོད་པའི་རྐྱེན་ངན་ལ་བཟོད་སྒོམ་གཏན་ནས་མི་བྱེད་པའི་སྤྱོད་ཚུལ་རྒྱུན་འཁྱོངས་དང་། རྒྱུན་མཐུད་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། “འགན་འཁྲི་བཞི”སྲ་བརྟན་དུ་གཏོང་བ། འཕུར་སྐྱོད་བདེ་འཇགས་ལྟེ་གནས་ཀྱི་ལས་དོན་ལ་དམིགས་པ། ཐོན་སྐྱེད་བདེ་འཇགས་ཀྱི་འགག་སྒོ་ནན་པོ་བཟོ་བ། ཞབས་ཞུའི་སྤུས་ཚད་རང་འགུལ་ངང་མཐོ་རུ་གཏོང་བ་བཅས་བྱས་ཏེ། འགྲུལ་པ་ཚོར་བདེ་འཇགས་དང་སྟབས་བདེ་བའི་མཁའ་ལམ་ཞིག་བཏོད་ཡོད། ལོ་སྟོད་དུ་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུས་ཀྱིས་ཐོན་སྐྱེད་སླར་གསོའི་ལས་དོན་ལ་མཐོང་ཆེན་དང་། ཁྲོམ་ར་སླར་གསོའི་གོ་སྐབས་ལ་དམ་འཛིན། “དགུན་དུས་བོད་དུ་ཡུལ་སྐོར་བྱེད་པ”ཞེས་པ་དང“ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན” “ཀྲུང་གོའི་བོད་ལྗོངས་དང་ནེ་པ་ལའི་དཔལ་འབྱོར་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ”སོགས་ཀྱི་བྱེད་སྒོར་རང་འགུལ་ངང་གཞོགས་འདེགས་བཅས་བྱས་ཏེ། ཡུལ་སྐོར་བ་དེ་བས་མང་བ་བོད་དུ་ཡོང་བར་བྱས་ཤིང་། དཔྱིད་གསར་དུས་ཆེན་དང“ལྔ་གཅིག”སོགས་ཀྱི་ཡུལ་སྐོར་བའི་དགོས་མཁོ་བསྐང་ཆེད། སྔོན་ནས་བཀོད་སྒྲིག་བྱས་ནས་མཁའ་འགྲུལ་སི་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ། བོད་ལྗོངས་ནས་འགྲོ་འོང་བྱེད་པའི་དུས་གཏན་གནམ་གྲུའི་སྐྱེལ་འདྲེན་ནུས་པ་ཆེ་རུ་བཏང་བ་དང་། མཁའ་ལམ་ཁག་གཅིག་སླར་གསོ་དང་གསར་གཏོད་བྱས་ནས་བོད་ལྗོངས་དང་འབྲེལ་བ་ཡོད་པའི་མཁའ་ལམ་ཤར་གཏོང་ཐུབ་ཚད་ཆེ་རུ་བཏང་ཡོད། དུས་མཚུངས་འགྲུལ་རྒྱུན་དང་ཟུང་འབྲེལ་བྱས་ནས་གནམ་གྲུར་འཛེག་པའི་འགྲོ་ལུགས་གཉེར་སྟངས་དང་བདེ་འཇགས་ཞིབ་བཤེར་བགྲོད་ལམ་ལེགས་སྒྲིག་བྱས་ནས་བདེ་འཇགས་ཀྱི་འགན་ལེན་བྱ་ཐབས་ཁག་དོན་འཁྱོལ་བྱས་པ་དང་། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་བརྒྱུད་སྤྲོད་འགན་ལེན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཁྲུང་ཆིང་དང་། ཁྲེང་ཏུའུ། མན་དབྱང་བཅས་སུ་བསྐྱོད་པར“འགྲོ་ལུགས་གཅིག་གིས་འཐུས་པ་དང་། བདེ་འཇགས་ཞིབ་བཤེར་ཐེངས་གཅིག་གིས་འཐུས་པ། རྡོག་ཁྲེས་ཐད་ཀར་འགེལ་བ”བཅས་ཀྱི་ཞབས་ཞུ་མངོན་འགྱུར་བྱུང་ཡོད། ཟོལ་མེད་ཞབས་ཞུ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་འགྲུལ་པའི་ཞབས་ཞུར་འགན་ལེན་བྱེད་པའི་ལས་དོན་ཏན་ཏིག་ཡག་པོ་བསྒྲུབ་ཆེད། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུས་ཀྱིས་འགྲོ་ལུགས་གཉེར་བྱེད་འཕྲུལ་ཆས་སྒྲིག་པ་དང་། ཞབས་ཞུའི་འགག་སྒོ་མདུན་ཕྱོགས་སུ་སྤོ་བ། དམིགས་བསལ་འགྲུལ་པར་གཅིག་གཏད་གཅིག་གིས་ཞབས་ཞུ་སྒྲུབ་པ་སོགས་ཀྱི་བྱེད་ཐབས་མང་པོ་བསྟུད་མར་བཏོན་ནས་འགྲུལ་པའི་དཀའ་ངལ་ཐག་གཅོད་ཏན་ཏིག་བྱས་པ་རེད།

ད་ལྟའི་ཆ་ནི་འགྲུལ་པ་མང་བའི་སྐབས་ཡིན་པས་ལྗོངས་ནང་ཁུལ་གྱི་མཁའ་འགྲུལ་སྐྱེལ་འདྲེན་ཁྲོམ་ར་བརྟན་པོའི་ངང་འཕེལ་རྒྱས་ཡོང་བར་འགན་ལེན་བྱ་ཆེད། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུས་ཀྱིས་དབྱར་དུས་ཀྱི་དུས་གཏན་གནམ་གྲུ་འཁོར་སྐྱོད་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ། བདེ་འཇགས་ལ་དོ་དམ་དང་ལྟ་སྐུལ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་དང་། འབྲུག་ཆར་གྱི་གནམ་གཤིས་སྔོན་བརྡའི་ལས་དོན་མུ་མཐུད་ལེགས་པར་བསྒྲུབ་རྒྱུ། དུས་གཏན་གནམ་གྲུ་རྒྱུན་གཏན་མིན་པའི་གནས་ཚུལ་ཐོན་ཚེ་འཕྲལ་མར་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱས་ནས་དུས་གཏན་གནམ་གྲུ་ནར་འགྱངས་ཀྱི་འགན་ལེན་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་ཞོད་འགོག་གེགས་སེལ་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་རེད། དུས་མཚུངས་སུ་ཁྲོམ་རའི་དགོས་མཁོའི་འགྱུར་ལྡོག་ལ་མུ་མཐུད་དོ་ཁུར་བྱས་ཏེ། མཁའ་འགྲུལ་ཀུང་སིས་དུས་ཐོག་ཏུ་མཁའ་ལམ་གསར་པ་སོགས་མཐུན་སྦྱོར་ཧུར་ཐག་བྱས་ནས་བདེ་འཇགས་ངང་འཁོར་སྐྱོད་བྱེད་པའི་དོ་དམ་ཀྱི་ཚད་སྔར་བས་ཡག་ཏུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ལྷག་བསམ་ཟོལ་མེད་ཀྱིས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་རྒྱུ་དང་། 2024ལོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་810ཟིན་པའི་ལོ་འཁོར་གྱི་དམིགས་ཚད་ལེགས་གྲུབ་ཡོང་བར་བརྩོན་ལེན་བྱ་རྒྱུ་རེད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-07-04 6 6 拉萨日报藏文 c183731.html 1 ལོ་སྟོད་དུ་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་སླར་ཡང་ སྐྱེལ་འདྲེན་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ། /enpproperty-->