ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་2ཉིན།2024ལོའི་བོད་རང་སྐྱོང་ལྗོངས་དམའ་རིམ་སློབ་འབྲིང་གི་སློབ་སྦྱོང་ཆུ་ཚད་རྒྱུགས་ལེན་ལྷ་ས་རྒྱུགས་ཁུལ་གྱི་རིག་གནས་སློབ་ཚན་རྒྱུགས་དེ་ལྷ་སའི་གྲོང་ཁྱེར་སློབ་འབྲིང་བརྒྱད་པ་དང་། ལྷ་སའི་པེ་ཅིང་ཚོད་ལྟའི་སློབ་འབྲིང་། ལྷ་སའི་ཅང་སུའུ་ཚོད་ལྟའི་སློབ་འབྲིང་སོགས་རྒྱུགས་ར་13དུ་དུས་གཅིག་ཏུ་ལེན་འགོ་ཚུགས་པ་རེད།
སྔ་དྲོའི་ཆུ་ཚོད་8པར་གསར་འགོད་པས་རྒྱུགས་སྤྲོད་ས་ཚིགས་ཁག་ནས་སྣེ་ཁྲིད་དགེ་རྒན་དང་ཁྱིམ་བདག་གིས་རྒྱུགས་སྤྲོད་སློབ་མར་རིག་པ་སྒྲིམ་དགོས་པའི་སྐུལ་མ་བྱེད་པ་ཕུད། ད་དུང་སྤྱི་ཚོགས་ལས་རིགས་ཁག་གིས་རྒྱུགས་ལེན་བདེ་འཇགས་ཡོང་ཆེད་སྲུང་སྐྱོབ་བྱེད་པ་མཐོང་བྱུང་། མི་དམངས་ཉེན་རྟོག་པས་ནུས་ཤུགས་ཡོད་རྒུས་རྒྱུགས་སྤྲོད་བྱ་ཡུལ་ཉེ་འགྲམ་གྱི་ལམ་མདོའི་འགྲིམ་འགྲུལ་སྒྲིག་ལམ་སྲུང་སྐྱོང་ཡག་པོ་བྱས་ནས་རྒྱུགས་སྤྲོད་བྱ་ཡུལ་གྱི་མཐའ་འཁོར་དུ“སྒྲ་མེད་པའི”རྣམ་པ་སྤེལ་ཡོད།
ལྷ་ས་གྲོང་ཁྱེར་སློབ་འབྲིང་དང་པོའི་སློབ་གྲྭའི་མི་དམངས་ཉེན་རྟོག་པ་ལིའུ་ཁུན་ལུན་གྱིས་དེ་རིང་ང་ཚོའི་མངགས་གཏོང་ཁང་གིས་ཉེན་རྟོག་པ་8བཏང་ནས་ཞོགས་པའི་ཆུ་ཚོད་7པར་དུས་ཐོག་ཏུ་སློབ་འབྲིང་དང་པོའི་སྒོ་འགྲམ་དུ་བསྐྱོད་དེ་གཙོ་བོ་འགྲིམ་འགྲུལ་ལ་ཁྲིད་སྟོན་བྱེད་པ་དང་།སློབ་གྲྭའི་ནང་གི་རྒྱུགས་སྤྲོད་སློབ་མའི་སྒྲིག་ལམ་སྲུང་སྐྱོང་བྱས་ནས་དྲོ་སྐྱིད་དང་བདེ་འཇགས་ཀྱི་རྒྱུགས་ལེན་རྣམ་པ་གཏོད་བཞིན་ཡོད་ཅེས་བཤད།
གྲོང་ཁྱེར་སློབ་འབྲིང་དང་པོའི་རྒྱུགས་ལེན་ས་ཚིགས་སུ་ད་དུང་རྒྱུགས་སྤྲོད་སློབ་མར་རོགས་རམ་བྱེད་པའི་དང་བླངས་ཞབས་ཞུའི་ས་ཚིགས་2བཙུགས་པ་དང་།རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་ཏང་ཡོན་དང་བླངས་པ་7གྱིས་དུས་དང་རྣམ་པ་ཀུན་ཏུ་རྒྱུགས་སྤྲོད་སློབ་མར་འཐུང་ཆུ་དང་འཕྲལ་སྡོམ་ཡིག་ཆས་སོགས་སྤྲོད་པའི་མི་སེམས་དྲོ་བའི་ཞབས་ཞུ་མཁོ་འདོན་བྱས་པ་དང་འབྲེལ་གྲོང་ཁྱེར་གྱི་སྡེ་ཚན་མང་པོ་དང་མཉམ་དུ་སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་རྒྱུགས་སྤྲོད་སློབ་མར་དྲོ་སྐྱིད་དང་། སྤྲོ་སྣང་། གོ་རིམ་ལྡན་པ་བཅས་ཀྱི་རྒྱུགས་སྤྲོད་ཁོར་ཡུག་བསྐྲུན་ཡོད། ཏང་ཡོན་དང་བླངས་པ་བྱམས་པ་ཚེ་རིང་གིས་དེ་རིང་རང་སྐྱོང་ལྗོངས་དམངས་སྲིད་ཐིང་ལས་ཁུངས་ཀྱི་ཏང་ཀྲི་པུའུ་དང་པོས་རང་སྐྱོང་ལྗོངས་ཕན་བདེའི་རྒྱན་ཤོག་ལྟེ་གནས་ཏང་ཀྲི་པུའུ་དང་མཉམ་འབྲེལ་བྱས་ནས་རྒྱུགས་སྤྲོད་སློབ་མར་རོགས་རམ་བྱེད་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ཞིང་། དེའི་དམིགས་ཡུལ་གཙོ་བོ་ནི་རྒྱུགས་སྤྲོད་སློབ་མ་དང་། ཁྱིམ་བདག སྣེ་ཁྲིད་དགེ་རྒན་བཅས་ལ་ངལ་གསོ་དང་།འཕྲལ་སྡོམ་ཡིག་ཆས་ཉར་ཚགས་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་དེ་ཡིན་ཞེས་བཤད།
གྲོང་ཁྱེར་སློབ་འབྲིང་དང་པོའི་རྒྱུགས་ལེན་ས་ཚིགས་ཀྱི་འགན་འཁུར་བ་ཝུའུ་ཀྲི་ཡུང་གིས་འདི་ལོའི་སློབ་སྦྱོང་ཆུ་ཚད་ཀྱི་རྒྱུགས་ལེན་སྐབས་སློབ་འབྲིང་དང་པོའི་རྒྱུགས་ལེན་ས་ཚིགས་སུ་རྒྱུགས་ར་30བཙུགས་ཡོད།རྒྱུགས་རའི་ལས་དོན་ཡག་པོ་བསྒྲུབ་ཆེད། ང་ཚོས་གཅིག་ནས་རྒྱུགས་སྤྲོད་ལས་དོན་དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་རྒྱུ་དང་། གཉིས་ནས་རྒྱུགས་ལེན་གྱི་སྒྲིག་སྲོལ་དང་སྒྲིག་ཁྲིམས་ནན་པོར་བསྲུངས་བ། གསུམ་ནས་དྲོ་སྐྱིད་དང་བདེ་འཇགས་ཀྱི་རྒྱུགས་སྤྲོད་ཁོར་ཡུག་ཧུར་ཐག་བསྐྲུན་ནས་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་བློ་བདེ་པོ་ཡོང་བར་བྱས་ཏེ།དམའ་རིམ་སློབ་འབྲིང་གི་རྒྱུགས་སྤྲོད་བདེ་འཇགས་དང་བདེ་བླག་ཡོང་བའི་འགན་ལེན་བྱས་ཡོད་ཅེས་བཤད།
ཟླ་6ཚེས་30ཉིན་2024ལོའི་བོད་རང་སྐྱོང་ལྗོངས་དམའ་རིམ་སློབ་འབྲིང་གི་སློབ་སྦྱོང་ཆུ་ཚད་རྒྱུགས་ལེན་ལྷ་སའི་རྒྱུགས་ཁུལ་གྱི་ཚོད་ལྟའི་རྒྱུགས་ལེན་ལེགས་གྲུབ་བྱུང་བ་དང་ལོ་རིམ་བརྒྱད་པ་དང་དགུ་པའི་རྒྱུགས་སྤྲོད་སློབ་མ་ཁྱོན་མི་ཐེངས་19955ཟིན་ཡོད། ཟླ་7ཚེས་2ཉིན་རིག་གནས་སློབ་ཚན་གྱི་ཡིག་རྒྱུགས་ཀྱི་ཉིན་དང་པོ་ནི་ལོ་རིམ་བརྒྱད་པའི་རྒྱུགས་སྤྲོད་སློབ་མའི་ས་ཁམས་དང་སྐྱེ་དངོས་སློབ་ཚན་གྱི་ཡིག་རྒྱུགས་ཡིན་པ་དང་རྒྱུགས་སྤྲོད་སློབ་མ་10000ལྷག་ཙམ་ཡོད་པ་དང་། ཟླ་7ཚེས་3ཉིན་ནས་བཟུང་རང་གྲོང་དུ་ལོ་རིམ་དགུ་པའི་སྐད་ཡིག་དང་། ཀུན་སྤྱོད་དང་ཁྲིམས་སྲོལ། རྩིས་རིག དབྱིན་ཡིག ལོ་རྒྱུས། དངོས་ཁམས། རྫས་འགྱུར་རིག་པ། བོད་སྐད་ཡིག་བཅས་སློབ་ཚན་བརྒྱད་ཀྱི་རྒྱུགས་ལེན་བྱ་རྒྱུ་ཡིན་པ་དང་རྒྱུགས་སྤྲོད་སློབ་མ་9000ལྷག་ཙམ་ཡོད་པ་རེད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社