ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་2ཉིན་ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་དང་གྲོང་ཁྱེར་ལུས་རྩལ་ཅུས་ཀྱིས་གཙོ་གཉེར་བྱས་པའི་ལྷ་ས་གྲོང་ཁྱེར་གྱི་ལས་བཟོ་བའི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་དང་བོད་རང་སྐྱོང་ལྗོངས་ཀྱི་ལས་བཟོ་བའི་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་འདེམས་སྒྲུག་འགྲན་བསྡུར་འདི་ཉིད་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་འགོ་ཚུགས་པ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་ཚོགས་འདུར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།
ཀྲའོ་ཧུའེ་ཉན་གྱིས་ཤིས་ཚིག་ནང་ལྷ་ས་གྲོང་ཁྱེར་གྱི་ལས་བཟོ་བའི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་དང་བོད་རང་སྐྱོང་ལྗོངས་ཀྱི་ལས་བཟོ་བའི་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་འདེམས་སྒྲུག་འགྲན་བསྡུར་ནི་གྲོང་ཁྱེར་ཡོངས་ཀྱི་ལས་བཟོ་བའི་ལུས་རྩལ་འདུ་ཚོགས་གཟབ་རྒྱས་ཤིག་ཡིན་པ་དང་དེའི་དམིགས་ཡུལ་ནི་རང་གྲོང་གི་ལས་བཟོ་མང་ཚོགས་ཀྱི་ལས་གཏོད་དང་། མཐུན་སྒྲིལ་འབད་འཐབ། བདེ་ཐང་ཡར་ཐོན་བཅས་ཀྱི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་པར་བྱ་རྒྱུ་དེ་རེད། ཉེ་བའི་ལོ་ཤས་རིང་།གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་འོག་དང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་དང་གྲོང་ཁྱེར་ལུས་རྩལ་ཅུས་སོགས་འབྲེལ་ཡོད་སྡེ་ཚན་གྱི་ཐུན་མོང་འབད་བརྩོན་འོག་དམངས་ཡོངས་ཀྱི་ལུས་སྦྱོང་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་ལེན་མཐར་ཕྱིན་བྱས་ནས་ལས་བཟོ་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་འདོད་པའི་ལུས་རྩལ་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ནས་ལས་བཟོ་བའི་ལུས་རྩལ་ཁྱབ་གདལ་དང་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཞིང་། གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་བའི་ལུས་རྩལ་སྦྱོང་བརྡར་གྱི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་པ་དང་། ལུས་རྩལ་སྦྱོང་བརྡར་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། ལུས་སེམས་བདེ་ཐང་ཐད་ལེགས་སུ་ཕྱིན་པ་བཅས་བྱུང་ཡོད་ཅེས་གསུངས། ཁོང་གིས་ནན་གསུངས་གནང་དོན། མིག་སྔར་རང་གྲོང་འདི་ཉིད་དོན་ཆེན་བཞིར་དམིགས་པ་དང་། འཛུགས་གཏོད་བཞིར་ཤུགས་རྒྱག་པ། གདོང་དམག་བདུན་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས་དམངས་སེམས་གཅིག་སྒྲིལ་གྱིས་ལྷ་སའི་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་པའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ལས་བཟོ་མང་ཚོགས་ཀྱི་ལུས་རྩལ་ལས་དོན་སྤེལ་བ་དེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བདེ་སྐྱིད་ལྡན་པའི་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩི་དགོས། ལུས་རྩལ་པ་ཡོངས་ཀྱིས་སྤྲོ་སེམས་དང་ངར་ཤུགས་ཆེ་བའི་སྒོ་ནས་འགྲན་བསྡུར་ནང་ཞུགས་ཏེ་འགྲན་བསྡུར་ཁྲོད་ཉམས་འགྱུར་མངོན་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས“སྔར་བས་མགྱོཊ་པ་དང་། སྔར་བས་མཐོ་བ། སྔར་བས་སྟོབས་ཆེན། སྔར་བས་མཐུན་སྒྲིལ”བཅས་ཀྱི་ཨོ་ལིམ་ཕིག་གི་སྙིང་སྟོབས་དང“དམངས་ཡོངས་ཀྱི་ལུས་སྦྱོང་ཐད། ང་ཚོ་མཉམ་དུ་འགྲོགས”ཞེས་པའི་དམིགས་ཡུལ་མཚོན་པའི་རེ་བ་ཡོད་ལ། རྒྱ་ཆེའི་ལས་བཟོ་བ་རྣམས་ལུས་རྩལ་སྦྱོང་བརྡར་ནང་ཧུར་ཐག་ཞུགས་ནས་སྤྲོ་སེམས་དང་དཔའ་ངར་ཆེར་བསྐྱེད་ཀྱིས་ལས་ཀ་དང་འཚོ་བའི་ནང་ཞུགས་རྒྱུར་སྐུལ་མ་གཏོང་དགོས།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社