(པར་ངོས་དང་པོར་མཐུད)ཚན་རྩལ་རང་ཚུགས་རང་སྟོབས་ལ་ཐུག་ཡོད། རྒྱལ་ཡོངས་ཚན་རྩལ་ཚོགས་ཆེན་དང་། རྒྱལ་ཁབ་ཚན་རྩལ་བྱ་དགའི་ཚོགས་ཆེན། ཁང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན་བཅས་ཐོག་སྤྱི་ཁྱབ་ཧྲུའུ་ཅུ་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ། དུས་བབ་གསར་པའི་འོག་མགྱོགས་མྱུར་ངང་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གཞི་རྩའི་ནང་དོན་དང་ལས་འགན་གཙོ་བོ་བརྒྱུད་རིམ་ལྡན་པའི་སྒོ་ནས་གསལ་བཤད་གནང་བ་དང་། རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པའི་དགེ་མཚན་འདོན་སྤེལ་གང་ལེགས་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་མགྱོགས་མྱུར་ངང་སྐུལ་འདེད་གཏོང་རྒྱུར་དམིགས་ནས་བཀོད་སྒྲིག་གལ་ཆེན་གནང་ཡོད།
ལམ་བར་དུ་རང་རྒྱལ་གྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་མགྱོགས་མྱུར་བྱུང་ནས་འཛམ་གླིང་གིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པ་དང་། དེའི་ནང་གི་ཉམས་མྱོང་གལ་ཆེན་ཞིག་ནི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་འདོན་སྤེལ་དང་། སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་པ། གལ་ཆེན་དང་། རྩེར་སོན་། རྨང་གཞི་བཅས་ལ་དམ་འཛིན་བྱ་རྒྱུ་དེ་རེད། དུས་རབས་གསར་པ་ནས་བཟུང་། “ཟླ་བའི་ལྷ་མོས”ཟླ་བར་ཞིབ་འཇུག་བྱས་པ་དང་། “གནམ་བདེ”མཁའ་དབྱིངས་སུ་བཅའ་སྡོད་བྱས་པ། “གནམ་འདྲིས”གཟའ་མིག་དམར་ལ་ཞིབ་འཇུག་བྱས་པ་བཅས་ནས་རང་རྒྱལ་ནས་ཐོན་པའི་གནམ་གྲུ་ཆེན་མོ་ཚོང་དོན་འཕུར་སྐྱོད་དུ་གྱུར་བ་དང་མྱུར་བགྲོད་ལྕགས་ལམ་གྱི་ལག་རྩལ་དེ་རྒྱལ་སྤྱིའི་ཚད་གཞི་ཞིག་འཛུགས་པའི་བར་ནི་རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པ་མགྱོགས་མྱུར་ངང་འཐུས་ཚང་དུ་བཏང་བ་དང་།རྒྱལ་ཁབ་ཚན་རྩལ་གསར་གཏོད་ལ་སྒྲིག་འཛུགས་བྱེད་མཁན་གལ་ཆེན་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་གསར་གཏོད་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱིས་ཚན་རྩལ་འགག་སྒྲོལ་བྱས་པས་རང་རྒྱལ་གྱི་ཚན་རྩལ་གསར་གཏོད་ཐད་གྲུབ་འབྲས་གལ་ཆེན་ཐོབ་ཡོད། མིག་སྔར་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལ་འཕེལ་རྒྱས་གཏིང་ཟབ་བྱུང་ནས་ལག་རྩལ་མཐོ་བའི་ཁྱབ་ཁོངས་དེ་རྒྱལ་སྤྱིའི་འགྲན་རྩོད་ཀྱི་མདུན་གྲས་དང་གཡུལ་སར་གྱུར་ཡོད། རང་རྒྱལ་གྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ལ་ཡར་རྒྱས་ཆེན་པོ་བྱུང་ཡོད་མོད། གདོད་མའི་གསར་གཏོད་ནུས་པ་ད་དུང་བལྟོས་བཅས་ཀྱིས་ཞན་པ་དང་། འགག་རྩའི་ལྟེ་བའི་ལག་རྩལ་ཁ་ཤས་ལ་གཞན་གྱི་ཚོད་འཛིན་ཐེབས་ཡོད། རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས་གནད་འགག་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་དམག་འཐབ་ལས་བློ་ཐག་ཆོད་པོས་རྒྱལ་ཁ་བླངས་ན། གཞི་ནས་ཚན་རྩལ་གྱི་སྲོག་རྩ་དང་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་ཐུབ།
གནས་ཚུལ་ཆེན་པོར་ལྟ་བ་དང་། ཁྱོན་ཡོངས་ལ་ཇུས་འགོད། རྩ་བར་དམ་འཛིན་བཅས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཚན་རྩལ་བྱ་གཞག་འཕེལ་རྒྱས་གཏོང་བའི་ཉམས་མྱོང་གལ་ཆེན་ལ་ཕྱོགས་བསྡོམས་གཏིང་ཟབ་བྱས་ཏེ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་ཨང་དང་པོར་བཞག་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གིས་ཚན་རྩལ་བྱ་གཞག་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གིས་ཚན་རྩལ་ལས་དོན་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་འཐུས་ཚང་དུ་བཏང་སྟེ། ཏང་གི་འགོ་ཁྲིད་ཀྱི་ཆབ་སྲིད་ཀྱི་དགེ་མཚན་འདོན་སྤེལ་བྱས་ནས། ཚན་རྩལ་བྱ་གཞག་གོང་དུ་སྤེལ་བར་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཕྱོགས་སུ་མདུན་སྐྱོད་བྱེད་པར་འགན་ལེན་བྱས་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞི》ལ་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་སྟེ། ཏང་ཀྲུང་དབྱང་གིས་ཚན་རྩལ་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་དབྱང་ཚན་རྩལ་ཨུ་ཡོན་ལྷན་ཁང་བཙུགས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་གྲོས་དོན་མཐུན་སྦྱོར་ལས་ཁུངས་སུ་བརྩིས་ནས་ཚན་རྩལ་ཁྱབ་ཁོངས་ཀྱི་འཐབ་ཇུས་རང་བཞིན་དང་། ཁ་ཕྱོགས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་གནད་དོན་གལ་ཆེན་གཅིག་གྱུར་གྱིས་ཐག་གཅོད་བྱས་ཡོད། ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས་ཤིག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཚན་རྩལ་གསར་གཏོད་བྱ་གཞག་རྒྱུན་ཆད་མེད་པར་མདུན་དུ་སྐྱོད་པའི་རྩ་བའི་ཆབ་སྲིད་ཀྱི་འགན་ལེན་ཞིག་ཡིན་པ་ལག་ལེན་ཐོག་ནས་གསལ་པོར་བསྟན་ཡོད། རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པའི་དགེ་མཚན་འདོན་སྤེལ་གང་ལེཊ་བྱེད་པར་གནད་འགག་ནི་ཏང་ཀྲུང་དབྱང་གིས་ཚན་རྩལ་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། འཐབ་ཇུས་འཆར་འགོད་དང་། སྲིད་ཇུས་བྱེད་ཐབས། ལས་འགན་གལ་ཆེན། ཚན་རིག་ཞིབ་འཇུག་གི་སྟོབས་ཤུཊ་དང་ཐོན་ཁུངས་ཀྱི་ལས་སྟེཊ། ས་ཁོངས་གསར་གཏོད་སོགས་ཀྱི་ཐད་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཆོད་ཆེ་བའི་ཐབས་ཇུས་བཀོད་འདོམས་མ་ལག་དང་སྒྲིག་འཛུཊ་ལག་བསྟར་མ་ལག་འཛུགས་པ་བཅས་བྱས་ནས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུཊ་ཆེན་པོ་གཅིག་སྡུད་བྱ་རྒྱུ་དེ་རེད།
གསར་གཏོད་ནི་རྙོག་འཛིང་ཆེ་བའི་སྤྱི་ཚོགས་མ་ལག་གི་ལས་གྲྭ་ཞིག་ཡིན། རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པར་ངེས་པར་དུ་སྲིད་གཞུང་དང་། ཁྲོམ་ར། སྤྱི་ཚོགས་བཅས་ཟུང་འབྲེལ་དམ་ཚགས་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་གཅིག་གྱུར་འཆར་འགོད་དང་། སྟོབས་ཤུགས་གཅིག་སྡུད། ལམ་སྲོལ་ལེགས་སྒྱུར། མཉམ་སྒྲོག་འགག་སྒྲོལ་བཅས་བྱེད་དགོས། ཚོང་རའི་ནུས་པ་དང་སྲིད་གཞུང་གི་ནུས་པ་ནི་གཅིག་ཕན་གཅིག་གྲོགས་དང་། ཕན་ཚུན་སྐུལ་འདེད། ཕན་ཚུན་ཁ་གསབ་བཅས་ཡིན་པས། ཚན་རྩལ་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་དང་། སྲིད་གཞུང་གི་ཕྱོགས་གང་ཅིའི་ཐད་ཀྱི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པར་བྱས་ཏེ། ཐོན་སློབ་ཞིབ་གསུམ་གྱི་ལྷུ་ཚིགས་ཁག་གི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་བྱས་ནས་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་མཉམ་དུ་སྐུལ་འདེད་གཏོང་བའི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱེད་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ནི་རྒྱལ་ཁབ་ཀྱི་འདོད་བློ་མཚོན་པ་དང་། རྒྱལ་ཁབ་ཀྱི་དགོས་མཁོར་ཞབས་འདེགས་ཞུ་བ། རྒྱལ་ཁབ་ཀྱི་ཆུ་ཚད་མཚོན་པ་བཅས་ཀྱི་ཚན་རྩལ་གྱི་རྐང་འཛིན་སྟོབས་ཤུགས་ཤིག་ཡིན་པས། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚུགས་གནས་དང་བཀོད་སྒྲིག་ལེགས་སུ་གཏོང་བ། རྒྱལ་ཁབ་ཚོད་ལྟ་ཁང་གི་མ་ལག་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གཞི་གཅིག་ཅན་དུ་འགྱུར་བའི་ནུས་པ་ཆེ་རུ་གཏོང་དགོས། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་མངོན་འགྱུར་བྱེད་པར་ཕྱོགས་གཅིག་ནས་དེང་སྐབས་ཚན་རྩལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་ཁོང་དུ་ཆུད་དགོས་ལ། ཕྱོགས་གཞན་ཞིག་ནས་རང་ཉིད་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་གནད་དོན་གྱི་ཕྱོགས་སྟོན་དང་དགོས་མཁོའི་ཕྱོགས་སྟོན་འབུར་དུ་ཐོན་པར་བྱེད་དགོས། འཐབ་ཇུས་ཀྱི་སྟོབས་ཤུགས་རྒྱུན་འཁྱོངས་དང་། སྒྲུབ་རུང་བ་དང་སྒྲུབ་མི་རུང་བ་མཐའ་འཁྱོངས་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་དགོས་མཁོ་འབུར་དུ་ཐོན་པ། ཁྱབ་ཁོངས་གལ་ཆེན་འགའ་ཞིག་ཏུ་ཚན་རྩལ་གྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པ་དང་། ཚན་རྩལ་རྣམ་གྲངས་གལ་ཆེན་གསར་པ་ཁག་གཅིག་ལག་བསྟར་བྱས་ནས་འགྲན་རྩོད་ཀྱི་དགེ་མཚན་ཆགས་པར་བྱས་ཏེ་འཐབ་ཇུས་ཀྱི་རང་འགུལ་དབང་ཆ་འཐོབ་པར་བྱེད་དགོས། རྨང་གཞིའི་ཞིབ་འཇུག་དེ་ཞིབ་འཇུག་ནས་བེད་སྤྱོད་དང་། དེ་ནས་ཐོན་སྐྱེད་བྱས་པའི་ཚན་རིག་ཞིབ་འཇུག་གི་སྦྲེལ་ཐག་གི་འགོ་མཇུག་ཚང་མར་སླེབས་པར་བྱས་ནས། རྨང་གཞི་བརྟན་པོ་བཏིང་ན་གཞི་ནས་ཚན་རྩལ་བྱ་གཞག་གི་ཐོག་ཁང་མཐོན་པོ་སྐྲུན་ཐུབ་པས། རྨང་གཞིའི་ཞིབ་འཇུག་སྒྲིག་འཛུགས་ཅན་དུ་འགྱུར་བའི་ཚད་ཇེ་མཐོར་གཏོང་བ་དང་།འགྲན་རྩོད་རང་བཞིན་གྱི་རྒྱབ་སྐྱོར་དང་བརྟན་ལྷིང་གི་རྒྱབ་སྐྱོར་ཟུང་འབྲེལ་བྱེད་པའི་མ་དངུལ་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཚན་རིག་གི་གནད་དོན་གལ་ཆེན་ལ་ཁ་ཕྱོགས་པའི་མཉམ་སྒྲོལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་དང་། དུས་མཚུངས་སུ་རང་མོས་འཚོལ་ཞིབ་བྱེད་པར་བསྔགས་སྐུལ་བྱས་ཏེ་གསར་གཏོད་ཀྱི་རྨང་གཞིའི་རིགས་པའི་གཞུང་ལུགས་འདོན་པ་དང་། དམའ་རིམ་ལག་རྩལ་གྱི་རྩ་བའི་རིགས་པ་ཁོང་དུ་ཆུད་པར་བྱས་ནས་ཚན་རྩལ་གསར་གཏོད་ཀྱི་རྨང་གཞི་དང་གཞི་རྟེན་བརྟན་པོར་འཛུགས་དགོས།
ཚན་རྩལ་རང་ཚུགས་རང་སྟོབས་ནི་རྒྱལ་ཁབ་སྟོབས་ལྡན་གྱི་རྨང་གཞི་དང་བདེ་འཇགས་ཀྱི་གནད་འགག་ཡིན། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནུས་ན། མི་འགྲུབ་པའི་བྱ་བ་གཅིག་ཀྱང་མེད་ཅེས་པ་ལྟར། མདུན་སྐྱོད་ཀྱི་བགྲོད་ལམ་ཐོག ཏང་ཀྲུང་དབྱང་གིས་ཚན་རྩལ་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ་སྲིད་གཞུང་དང་། ཁྲོམ་ར། སྤྱི་ཚོགས་སོགས་ཕྱོགས་གང་ཅིའི་ཐད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ན། ང་ཚོས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་ཀྱི་གོམ་སྟབས་མགྱོགས་སུ་བཏང་ནས་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་བསྐྲུན་རྒྱུའི་འཐབ་ཇུས་དམིགས་འབེན་རྒྱུན་ཆད་མེད་པར་དོན་དངོས་སུ་འགྱུར་ཐུབ་ངེས་རེད། (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་26ཉིན་འབྱོར་བའི་གློག་འཕྲིན)
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社