ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་22ཉིན། ཡིད་འོང་བྱིས་པའི་མོ་ཐྲོལ་ཐེངས་བརྒྱད་པའི་བོད་ལྗོངས་འགྲན་ཁུལ་གྱི་མཐའ་བསྡུར་དང་མཐའ་ཡས་མེ་ཏོག་གཞོན་ནུ་དཔེ་བཟང་གི་དར་སྲོལ་མཛད་སྒོ་སྐབས་ལྔ་པ་ལྷ་སར་མཇུག་འགྲིལ་བ་རེད། འགྲན་བསྡུར་ནང་ཞུགས་མཁན་གྱི་བདམས་ཐོན་པ་93གར་སྟེགས་ཐོག་འཛོམས་ནས་ལྟད་མོ་བར་ངོ་མཚར་ཆེ་ཞིང་དར་སྲོལ་ཆེ་བའི་འཁྲབ་སྟོན་ཆེན་པོ་ཞིག་བྱས་པ་རེད།
ཡུལ་དངོས་སུ་འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་ཚོས་ལུས་ལ་གཟབ་མཆོར་སྤྲས་ཤིང་། གར་སྟེགས་ཀྱི་སྟངས་སྟབས་དང་བསྟུན་ནས་བྱིས་པའི་མོ་ཐྲོལ་ཚོས་མི་སྒེར་གྱི་འགྲེམས་སྟོན་ལྷུ་ཚིགས་དང་། མི་གཉིས་སྡེབ་སྒྲིག་PKལྷུ་ཚིགས། ཡང་ན་ཁྱིམ་ཚང་གི་གཉེན་ཉེའི་འགྲན་བསྡུར་སོགས་ལྷུ་ཚོགས་གང་ཡིན་རུང་ཚང་མའི་མིག་ལམ་དུ་གསལ་ལྷང་ངེར་མངོན་པར་བྱས་པ་དང་། འགྲེམས་སྟོན་གྱི་བརྒྱུད་རིམ་ཆ་ཚང་ཞིང་བདེ་བླག་ངང་མངོན་པས་དུས་རབས་གསར་པའི་གཞོན་ནུ་ལོ་ཆུང་གི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་ཞིང་། ཡུལ་དངོས་ཀྱི་དཔྱད་འདེམས་པ་དང་ལྟད་མོ་བ་ཚོའི་གདེང་འཇོག་བཟང་པོ་ཐོབ་ཡོད་པ་རེད།
འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་གངས་ལྷ་མེ་ཏོག་གིས་ང་ད་ལོ་ལོ་11ཡིན། མོ་ཐྲོལ་གྱི་འབྲེལ་ཡོད་ཤེས་བྱ་སྦྱངས་ནས་ལོ་གཉིས་གསུམ་ཙམ་སོང་། དང་ཐོག་གར་སྟེགས་ཐོག་འགྲོ་སྐབས་དངངས་འཚབ་ཏོག་ཙམ་སྐྱེ་ཡི་འདུག འོན་ཀྱང་ཨ་མའི་སྐུལ་ལྕག་ལ་བརྟེན་ནས་ངའི་སེམས་པ་རིམ་བཞིན་ལྷོད་དུ་ཕྱིན་སོང་། མོ་ཐྲོལ་གྱི་འབྲེལ་ཡོད་ཤེས་བྱ་སྦྱངས་ན་རང་ཉིད་ལ་ཡིད་ཆེས་ཀྱི་བསམ་པ་སྐྱེ་ཡི་འདུག་པས་ཕྱིས་འབྱུང་། ངས་མོ་ཐྲོལ་གྱི་འབྲེལ་ཡོད་ཤེས་བྱ་སྦྱངས་རྒྱུ་མཐའ་འཁྱོངས་བྱས་ནས་འགྲན་བསྡུར་དེ་བས་མང་བའི་ནང་ཞུགས་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།
འགྲན་བསྡུར་ནི་མི་སྒེར་གྱི་འགྲེམས་སྟོན་ལྷུ་ཚིགས་དང་། མི་གཉིས་སྡེབ་སྒྲིག་PKལྷུ་ཚིགས། ཡང་ན་ཁྱིམ་ཚང་གི་གཉེན་ཉེའི་འགྲན་བསྡུར་བཅས་སུ་དབྱེ་ཡོད། དཔྱད་འདེམས་པས་གར་སྟེཊ་ཐོག་བདམས་ཐོན་པར་སྐར་མ་བརྒྱབ་པ་བརྒྱུད། མཐར་བདམས་ཐོན་པ་20བདམས་ནས་བོད་ལྗོངས་འགྲན་ཁུལ་གྱི་ཚབ་བྱས་ཏེ་ཆིང་ཏའོ་རུ་རྒྱལ་ཡོངས་ཀྱི་མཐའ་བསྡུར་ནང་ཞུཊ་རྒྱུ་ཡིན་པ་རེད།
མཐའ་ཡས་མེ་ཏོག་གསོ་སྐྱོང་ལྟེ་གནས་ཀྱི་སྲོལ་གཏོད་པ་བློ་བཟང་སྒྲོལ་མས་ཐེངས་འདིའི་འགྲན་བསྡུར་ཆེན་མོ་གཉེར་བ་བརྒྱུད། ཕྲུ་གུ་ཚོར་བརྒྱུད་རིམ་དེའི་ནང་སྦྱོང་བརྡར་ཐེབས་ནས་འཚར་ལོངས་ཡོང་བ་བྱ་རྒྱུ་དང་། མཐོང་རྒྱ་ཆེ་རུ་འགྲོ་རྒྱུ། རང་ཉིད་ཀྱི་ལེགས་ཆ་དེ་བས་མང་བ་ཤེས་རྟོགས་ཐུབ་རྒྱུ། རང་ཉིད་ལ་ཡིད་ཆེས་ཆེ་རུ་འགྲོ་རྒྱུའི་རེ་བ་ཡོད་ལ་བོད་ཀྱི་གྲོགས་པོ་ཆུང་ཆུང་དེ་བས་མང་བས་གར་སྟེགས་དེ་བས་ཆེ་བའི་ཐོག་རང་ཉིད་ཀྱི་ཆུ་ཚད་དང་ཉམས་འགྱུར་ངོམ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社