ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་22ཉིན། གྲོང་ཨུད་དྲིལ་བསྒྲཊ་པུས་གཙོ་གཉེར་བྱས་ཤིང་། གྲོང་ཁྱེར་ལོ་ཆུང་བྱིས་པའི་བྱེད་སྒོ་ལྟེ་གནས་དང་།གྲོང་ཁྱེར་ཤེས་དཔལ་གཞུང་དོན་ཁང་།གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་བཅས་ཀྱིས་སྒྲུབ་འགན་ཁུར་བའི་ལྷ་ས་གྲོང་ཁྱེར་གྱི་སྐབས་གསུམ་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་དང་བྱིས་པའི་སེམས་པ་ཏང་ལ་ཕྱོགས་པའི་ལོ་ཆུང་བྱིས་པའི་སྒྱུ་རྩལ་འགྲན་བསྡུར་ཆེ་མོའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་མཇུག་འགྲིལ་བ་རེད།
རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་བྱ་ཡུལ་དུ《ས་མཐོར་དཔྱིད་ཀ་ཤར》《ཕུགས་འདུན་གྱིས་ཕྱུག་པའི་ན་གཞོན》སོགས་ལེ་ཚན་17རེས་མོས་ཀྱིས་འཁྲབ་སྟོན་བྱས་པ་དང་ཕྲུ་གུ་ཚོས་ནུས་ཤུཊ་གང་ཡོད་བཏོན་ནས་གྲ་སྒྲིག་བྱས་པ་དང་། བློ་རྩེ་གཅིག་ཏུ་བསྒྲིམས་ནས་ངོ་མཚར་ཆེ་བའི་འཁྲབ་སྟོན་བྱས་པས་ས་གནས་ས་ཐོག་གི་ལྟད་མོ་བས་དགའ་བསུ་ཚད་མེད་ཐོབ་ཡོད། འཁྲབ་སྟོན་གྱི་ལེ་ཚན་ལ་སྒྱུ་རྩལ་གྱི་མཚོན་སྟངས་ཕུན་སུམ་ཚོགས་པོ་ཡོད་ལ་ས་གནས་ས་ཐོག་གི་ཡིད་དབང་འགུག་ཤུགས་ཀྱང་ཆེ་ཙམ་ལྡན་ཡོད་པས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ལོ་ཆུང་བྱིས་པའི་སྤྲོ་སྣང་གི་བསམ་པའི་ཉམས་འགྱུར་དང་སྣ་མང་ཕུན་སུམ་ཚོགས་པའི་སྒྱུ་རྩལ་གྱི་ཤེས་ཡོན་མངོན་པར་བྱས་ཡོད་པ་རེད།
འཁྲབ་སྟོན་ནང་ཞུགས་མཁན་སློབ་མ་བདེ་ཆེན་གཡང་འཛོམས་ཀྱིས་དེ་རིང་ངས《བཀྲ་ཤིས་པའི་ལྷ་མོ》ཞེས་པ་དེ་འཁྲབ་སྟོན་བྱས་ཤིང་དེའི་ནང་གི་མི་སྣ་ལྷ་མོ་འཁྲབ་པ་ཡིན། གར་སྟེགས་དེའི་ཐོག་ལྷ་མོའི་ཟློས་གར་འཁྲབ་སྟོན་བྱས་ཏེ་མི་རིགས་རིག་གནས་ཁྱབ་སྤེལ་བྱས་པར་ང་རང་སྤོབས་པ་ཆེན་པོ་སྐྱེ་ཡི་འདུག ངས་ལོ་རིམ་གཉིས་པ་ནས་བཟུང་ལྷ་མོ་སྦྱངས་ཤིང་།ད་བར་ལྷ་མོ་སྦྱངས་ནས་ལོ་གཉིས་ཕྱིན་ཡོད། ང་ལྷ་མོའི་ཟློས་གར་ལ་ཧ་ཅང་དགའ་པོ་ཡོད་ལ་མི་དེ་བས་མང་བ་ཞིག་ལ་ལྷ་མོའི་ཟློས་གར་སྦྱོང་རྒྱུར་འོས་སྦྱོར་བྱེད་འདོད་ཡོད།གང་ལགས་ཤེ་ན།མི་དེ་བས་མང་བས་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཤེས་རྟོགས་ཐུབ་པར་མ་ཟད། ལྷ་མོ་ནི་ཧ་ཅང་ཉམས་འགྱུར་ལྡན་པའི་ཞབས་བྲོའི་རྣམ་པ་ཞིག་ཡིན་པར་འདོད་ཅེས་བཤད་པ་རེད།
ད་ཐེངས་ཀྱི་ལོ་ཆུང་བྱིས་པའི་སྒྱུ་རྩལ་འགྲན་བསྡུར་དེ་2024ལོའི་ཟླ་4ཚེས་1ཉིན་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་སྒྱུ་རྩལ་གསོ་སྦྱོང་སྒྲིག་གཞིར་འགྲན་བསྡུར་གྱི་བརྡ་ཐོ་ཁྱབ་བསྒྲགས་བྱས་པ་དང་འགྲན་བསྡུར་གྱི་ནང་དོན་དེ་དཀྲོལ་ལེན་དང་ཡིག་རིས་རིགས་གཉིས་སུ་དབྱེ་ཡོད། ཟླ་བ་གཉིས་ལྷག་ཙམ་རིང་བརྩམས་ཆོས་བསྡུ་རུབ་བྱས་པ་བརྒྱུད་གྲོང་ཁྱེར་ལོ་ཆུང་བྱིས་པའི་བྱེད་སྒོ་ལྟེ་གནས་སུ་ཞབས་བྲོ་དང་། གླུ་དབྱངས། སྐད་རིགས། རོལ་ཆ་བཅས་ཀྱི་བརྩམས་ཆོས་56འབྱོར་ཡོད་པ་རེད།ཐོག་མའི་དཔྱད་འདེམས་དང་འགྲན་བསྡུར་བྱས་པ་བརྒྱུད་གཙོ་དོན་རང་བཞིན་དང་།བསམ་བློའི་རང་བཞིན། སྒྱུ་རྩལ་རང་བཞིན་བཅས་ལྡན་པའི་ལེ་ཚན་17གཟེངས་སུ་ཐོན་ནས་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཚུད་ཡོད་པ་རེད།
སྒྱུ་རྩལ་འགྲེམས་སྟོན་བྱས་པ་བརྒྱུད་གཞོན་ནུ་ལོ་ཆུང་ཚོར་མི་རིགས་རང་ཉིད་ཀྱི་རིག་གནས་དང་མི་རིགས་ཁག་གི་རིག་གནས་ཕན་ཚུན་འདྲེས་ཐུབ་པ་དང་།མི་རིགས་མི་འདྲ་བར་བསམ་ཤེས་དང་བརྩི་འཇོག་བྱེད་ཟབ་ཏུ་བཏང་སྟེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་དུ་བཏང་སྟེ་གཞོན་ནུ་ལོ་ཆུང་གི་ཏང་ལ་དགའ་ཞེན་དང་རྒྱལ་གཅེས་ཀྱི་སྤྲོ་སེམས་འཕེལ་ཐུབ་པ་བྱུང་ཡོད།
སླད་ཕྱིན་གྲོང་ཁྱེར་ལོ་ཆུང་བྱིས་པའི་བྱེད་སྒོ་ལྟེ་གནས་ཀྱིས་མུ་མཐུད་ཉམས་མྱོང་ཕྱོགས་བསྡོམས་དང་འགྲན་བསྡུར་གཉེར་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་རང་གྲོང་གི་ལོ་ཆུང་བྱིས་པའི་སྒྱུ་རྩལ་འགྲན་བསྡུར་དེ་ཤུགས་རྐྱེན་ལྡན་པའི་ལོ་ཆུང་བྱིས་པའི་རིག་གནས་སྤུས་ལེགས་ལས་གཞི་དང་སྤུས་རྟགས་རང་བཞིན་གྱི་རིག་གནས་བྱེད་སྒོ་ཞིག་ཏུ་འགྱུར་ཐུབ་པར་བྱས་ཏེ་རང་གྲོང་གི་གཞོན་ནུ་ལོ་ཆུང་ལ་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་དམ་འཛིན་ཡག་པོ་བྱ་རྒྱུར་སྣེ་ཁྲིད་དང་རླབས་ཆེན་གྱི་ཏང་འཛུགས་པའི་སྙིང་སྟོབས་དར་སྤེལ་བཏང་ཐོག་གཞོན་ནུ་ལོ་ཆུང་གི་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་ཟམ་མི་ཆད་པར་གཏོང་རྒྱུ་ཡིན་པ་རེད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社