分享按钮

གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱིས་སྐར་མ་རིམ་པའི་མགྲོན་ཁང་ལ་ཆེད་དོན་ཞིབ་བཤེར་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་སྐར་མ་རིམ་པའི་མགྲོན་ཁང(གསོལ་མགྲོན་ཁང)ལ་ཆེད་དོན་ཞིབ་བཤེར་བྱས་ཏེ།ལས་རིགས་ཀྱི་ཚད་གཞི་སྔར་བས་ཚད་ལྡན་དུ་བཏང་ནས་བདེ་འཇགས་དང་བརྟན་ལྷིང་གི་ཡུལ་སྐོར་ཁྲོམ་རའི་ཁོར་ཡུག་བསྐྲུན་ནས་ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

ཞིབ་བཤེར་བྱེད་རིང།ཁྲིམས་འཛིན་པས་གསོལ་མགྲོན་ཁང་གི་འགན་འཁུར་བར་ལས་ཞུགས་པའི་བདེ་ཐང་ལག་ཁྱེར་དང་། བཟའ་བཏུང་འཕྲོད་བསྟེན། མེ་ཟོན་བདེ་འཇགས་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་ནས་ལས་ཞུགས་པ་ཚང་མས་ངེས་པར་དུ་ལག་ཁྱེར་ཁྱེར་ནས་ལས་གནས་ཐོག་བསྐྱོད་དགོས་པ་དང་ངེས་པར་དུ་བདེ་འཇགས་ལ་འགན་ལེན་བྱེད་དགོས་པ་དང་། ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ཏེ་ཡུལ་སྐོར་བས་ཞུ་གཏུགས་བྱས་པའི་གནད་དོན་ཁྲིམས་དང་སྒྲིག་སྲོལ་དང་མཐུན་པའི་སྒོ་ནས་ཐག་གཅོད་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཞིབ་བཤེར་ཁྲོད་གནས་པའི་གནད་དོན་ལ་དམིགས་ཏེ།ཁྲིམས་འཛིན་པས་གསོལ་མགྲོན་ཁང་ལ་དུས་བཀག་ནང་རྣམ་གྲངས་རེ་རེ་བཞིན་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། གསོལ་མགྲོན་ཁང་ག་གེ་མོའི་ཕྱིར་ཚོང་ཅིང་ལི་ཀྲང་ཧུའུ་ཡིས་སྐར་མ་རིམ་པ་བཞི་པའི་གསོལ་མགྲོན་ཁང་ཞིག་ཡིན་པའི་ངོས་ནས་ང་ཚོས་བླང་བྱ་ལྟར་མི་སྣའི་དོ་དམ་ཚད་ལྡན་དུ་གཏོང་རྒྱུ་ཡིན། གསོལ་མགྲོན་ཁང་གི་རྒྱུན་གཏན་གྱི་ལས་ཀའི་ཁྲོད་ང་ཚོས་བདེ་འཇགས་དང་འཕྲོད་བསྟེན་གྱི་ལས་ཀར་དོ་སྣང་བྱས་ནས་སྐུ་མགྲོན་ལ་དེ་བས་སྐྱིད་སྣང་དོད་ལ་ཆེད་ལས་ཀྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བཤད།

ད་ཐེངས་ཀྱི་ཆེད་དོན་ཞིབ་བཤེར་དུས་ཡུན་ཉིན་གསུམ་སྤེལ་རྒྱུ་ཡིན་ཞིང་།ཞིབ་བཤེར་པ་ཚོགས་ཆུང་གསུམ་དུ་དབྱེ་ནས་གྲོང་ཁྱེར་ཡོངས་ཀྱི་སྐར་མ་རིམ་པ་གསུམ་ཡན་གྱི་མགྲོན་ཁང(གསོལ་མགྲོན་ཁང)དང་ཁྱིམ་ཚང་མགྲོན་ཁང་བཅས་ཚང་མར་རེ་རེ་བཞིན་ཞིབ་བཤེར་བྱ་རྒྱུ་ཡིན་པ་དེའི་དམིགས་ཡུལ་ནི་སྐར་མ་རིམ་པའི་མགྲོན་ཁང(གསོལ་མགྲོན་ཁང)ལ་ལས་རིགས་ཀྱི་ཚད་གཞི་ཚད་ལྡན་དུ་གཏོང་བ་དང་ཡུལ་སྐོར་བའི་བདེ་འཇགས་ལ་འགན་ལེན་བྱས་ཏེ་ཡུལ་སྐོར་བར་བློ་བདེ་བག་ཕེབས་ཀྱི་འཚོ་སྡོད་ཁོར་ཡུག་ཅིག་བསྐྲུན་རྒྱུ་དེ་ཡིན་པ་རེད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-26 6 6 拉萨日报藏文 c183299.html 1 གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱིས་སྐར་མ་རིམ་པའི་མགྲོན་ཁང་ལ་ཆེད་དོན་ཞིབ་བཤེར་བྱས་པ། /enpproperty-->