分享按钮

གྲོང་ཁྱེར་སྤྱི་བདེ་ཅུས་ཡུལ་སྐོར་ཉེན་རྟོག་རུ་ཆེན་གྱིས།

འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་ཆེད་དོན་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་21ཉིན། གྲོང་ཁྱེར་སྤྱི་བདེ་ཅུས་ཡུལ་སྐོར་ཉེན་རྟོག་རུ་ཆེན་གྱིས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་ཆེད་དོན་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། ཧེང་ཨན་བོགས་གཏོང་རླངས་འཁོར་དང་། སྤྱི་སྤྱོད་བོགས་གཏོང་རླངས་འཁོར་རླངས་འཁོར་དང་དེ་བཞིན་དྲ་འབོད་རླངས་འཁོར། མེ་ཐོན་ཚོགས་པ། མཉམ་སྤྱོད་གློག་འཁོར་སོགས་ཀུང་སིའི་དོ་དམ་རིམ་པ་དང་། ཁ་ལོ་བ་དང་དེ་བཞིན་རྐང་འཁོར་བཞོན་མཁན་འཐུས་མི་སོགས་ཁྱོན་མི་300ལྷག་ཙམ་ཞུགས་ཡོད་པ་རེད།

གྲོང་ཁྱེར་སྤྱི་བདེ་ཅུས་བདེ་འཇགས་དོ་དམ་ཡན་ལག་རུ་ཁག་དང་། འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག ཡུལ་སྐོར་ཉེན་རྟོག་རུ་ཆེན་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་གྱོད་དོན་འགྲེལ་བཤད་ཀྱི་བྱ་ཐབས་སྤྱད་དེ་རང་གྲོང་གི་ཉེ་དུས་སྒྲུབ་གཉེར་བྱས་པའི་བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བས་སྨད་འཚོང་ངོ་སྤྲོད་ཀྱི་གྱོད་གཞི་བརྡ་ཁྱབ་བཏང་བ་དང་འབྲེལ་ཁ་ལོ་བ་དང་རྐང་འཁོར་བཞོན་མཁན་གྱི་འགྲོ་སྐྱོད་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཆེ་རུ་གཏོང་བ་དང་། འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ་ཚང་མས་རང་རྟོགས་ངང་འགྲིམ་འགྲུལ་གྱི་གོམས་གཤིས་ངན་པ་དོར་ནས་འགྲིམ་འགྲུལ་ཁྲིམས་འགལ་ལ་བཀག་འགོག་བྱ་རྒྱུ་དར་སྤེལ་བཏང་བ་རེད། དེ་དང་ཆབས་ཅིག་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དང་རང་གྲོང་གི་ཡུལ་སྐོར་ཁོར་ཡུག་བཅོས་སྒྲིག་ལས་དོན་སོགས་ཀྱི་ནང་དོན་ལ་དམིགས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱད་ཐད་གནས་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དང་མངོན་གསལ་དོད་པའི་གནད་དོན་ཐད་ཁྲིམས་སྐྱོང་གི་སྒྲོག་འགྲེལ་བྱས་པ་རེད།

དེ་རིང་གི་དྲིལ་བསྒྲགས་བྱེད་སྒོའི་ཐོག་ནས་ང་ལ་ཕན་པ་ཆེན་པོ་ཐོབ་བྱུང་། སླད་ཕྱིན་གཉེར་སྐྱོང་གི་བརྒྱུད་རིམ་ཁྲོད་བདེ་འཇགས་ཨང་དང་པོར་འཇོག་པའི་འདུ་ཤེས་བརྟན་པོ་བཙུགས་ནས་འགྲིམ་འགྲུལ་ཁྲིམས་སྲོལ་ལ་རང་རྟོགས་ཀྱིས་བརྩི་སྲུང་ཞུ་བ་དང་། འགྲིམ་འགྲུལ་གྱི་གོམས་གཤིས་ངན་པ་བཀག་འགོག་བྱེད་པ། རང་དཔེ་གཞན་སྟོན་བྱེད་པ། ཡ་རབས་ལྡན་པའི་སྒོ་ནས་རླངས་འཁོར་གཏོང་བ་བཅས་བྱས་ཏེ་འགྲོ་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་བཟང་པོར་ཐུན་མོང་ཐོག་སྲུང་སྐྱོང་བྱེད་ཀྱི་ཡིན་ཞེས་ཁ་ལོ་བ་པའོ་ཁྲང་ཏེང་གིས་བཤད།

དྲིལ་བསྒྲཊ་བྱེད་སྒོའི་ཁྲོད་བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བའི་འཐུས་མིས་ཤེཡ་རབས་འགྲིམ་འགྲུལ་ལ་དམིགས་ནས་གཏམ་བཤད་བྱས་པ་དང་གྲོང་ཁྱེར་སྤྱི་བདེ་ཅུས་ཡུལ་སྐོར་ཉེན་རྟོག་རུ་ཆེན་གྱི་འབྲེལ་ཡོད་འགན་འཁུར་བ་དང་ཀུང་སི་ཁག་གི་དོ་དམ་རིམ་པའི་དབར《འགན་འཁྲིའི་ཡི་གེ་》བཞག་པ་རེད།

དེ་རིང་ང་ཚོས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་ཁ་ལོ་བ་དང་གློག་འཁོར་བཞོན་མཁན་གྱིས་ཡ་རབས་ངང་གློག་འཁོར་གཏོང་བའི་བྱེད་སྤྱོད་སྔར་བས་ཚད་ལྡན་དུ་བཏང་བ་དང་། ལས་རིགས་ཀྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་ཕྱིན་པ། བདེ་འཇགས་ངང་རླངས་འཁོར་གཏོང་བ་དང་ཤེས་དཔལ་གྱི་ཞབས་ཞུའི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད། སླད་ཕྱིན་ང་ཚོས་དེ་བས་དངོས་གཉེར་གྱི་བྱ་ཐབས་སྤྱད་དེ་ལྷ་སར་ཡུལ་སྐོར་སྤུས་རྟགས་འཛུགས་རྒྱུར་སྤྱི་བདེའི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་དགའ་སྤྲོ་དང་བློ་ཡིད་ཚིམ་པའི་ངང་ཕྱིར་ལོག་ཐུབ་པ་བྱ་རྒྱུ་ཡིན་ཞེས་གྲོང་ཁྱེར་སྤྱི་བདེ་ཅུས་ཡུལ་སྐོར་ཉེན་རྟོག་རུ་ཆེན་གྱི་འགན་འཁུར་བ་སྐལ་བཟང་རྡོ་རྗེས་བཤད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-25 གྲོང་ཁྱེར་སྤྱི་བདེ་ཅུས་ཡུལ་སྐོར་ཉེན་རྟོག་རུ་ཆེན་གྱིས། 6 6 拉萨日报藏文 c183206.html 1 འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་ཆེད་དོན་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། /enpproperty-->