ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རྒྱ་ཆེའི་དགེ་སློབ་ཀྱི་བཟའ་བཏུང་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱ་ཆེད། ཉེ་ཆར་ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དང་། ཁྲེང་ཀོན་ཆུས་སློབ་ཆུང་དགུ་པ། ལྷ་ས་གྲོང་ཁྱེར་སློབ་འབྲིང་བརྒྱད་པ་སོགས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལ་ཆེད་དོན་ཞིབ་བཤེར་བྱས་པ་རེད།
ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་ཟ་ཁང་གི་ཐབ་ཚང་དུ་གསར་འགོད་པས་ལས་དོན་པས་བྲེལ་འཚུབ་དང་གོ་རིམ་ལྡན་པའི་སྒོ་ནས་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ལ་དགུང་ཟས་གྲ་སྒྲིག་བྱེད་བཞིན་ཡོད་པ་མཐོང་བྱུང་། ཟ་ཁང་ནང་ཁུལ་གྱི་ཁོར་ཡུག་གཙང་སྦྲ་དོད་པ་དང་གྱང་ངོས་སུ་མངོན་གསལ་དོད་པའི་ཤེས་དཔལ་གྱི་གསོལ་ལྕོག་དང་འབྲུ་རིགས་ལ་གྲོན་ཆུང་བྱེད་པའི་དྲིལ་བསྒྲགས་སྦྱར་ཡིག་སྦྱར་ནས་དགེ་སློབ་ཚོས་ཡ་རབས་ཀྱི་སྒོ་ནས་ཟ་མ་ཟ་བ་དང་འབྲུ་རིགས་ལ་གཅེས་སྤྲས་བྱ་རྒྱུའི་དར་སྤེལ་བཏང་ཡོད། ཐབ་ཚང་གི་ཚལ་གཏུབ་ཁང་དང་། གཡོས་སྦྱོར་ཁང་། གཙང་འཁྲུད་ཁང་སོགས་བྱེད་ནུས་ཁུལ་གྱི་དབྱེ་བ་ཁ་གསལ་ཡོད་པ་དང་ལས་དོན་པས་ལས་གོས་དང་ཞྭ་མོ་གྲལ་འགྲིག་པོ་གྱོན་དགོས་པར་མ་ཟད། ཁ་རས་ཀྱང་གྱོན་ཏེ་བཟའ་བཅའི་བདེ་འཇགས་བཀོལ་སྤྱོད་ཀྱི་ཚད་གཞིར་བརྩི་སྲུང་ནན་པོ་ཞུ་ཡི་ཡོད།
ཞིབ་བཤེར་ཚོགས་ཆུང་གིས་སློབ་གྲྭའི་ཟ་ཁང་གི་བཟའ་བཅའི་བདེ་འཇགས་ཀྱི་འབྲེལ་ཡོད་དོ་དམ་ལམ་ལུགས་དང་བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲི་གཉིས་དོན་འཁྱོལ་བྱས་ཚུལ་ལ་ཞིབ་ལྟ་བྱས་པ་དང་འབྲེལ་སྦྲང་ནག་འགོག་པའི་འགྱིག་ཡོལ་དང་། འབུ་འགོག་སྒེའུ་ཁུང་། བྱི་བ་འགོག་པའི་པང་ལེབ། ས་འོག་ཆུ་ལམ་གྱི་ཁེབས་ལེབ་སོགས་སྒྲིག་ཆས་ལ་ཞིབ་བཤེར་ཞིབ་ཕྲ་བྱས་པ་དང་ཆབས་ཅིག་ལས་ཞུགས་མི་སྣའི་བདེ་ཐང་དོ་དམ་དང་། ཟས་རིགས་ནང་འདྲེན་ལ་ཞིབ་བཤེར། ལག་ཁྱེར་དང་སྤ་སེ་ལེན་པའི་ལམ་ལུགས། གསོལ་ཆས་གཙང་འཁྲུད་དུག་འགོག ཟས་རིགས་དཔེ་མཚོན་ཉར་འཇོག་སོགས་ཀྱི་འགག་རྩའི་ལྷུ་ཚིགས་བཅས་ལ་ཞིབ་བཤེར་བྱས་ནས་ལས་དོན་ཚང་མ་བཟའ་བཅའི་བདེ་འཇགས་ཀྱི་ཚད་གཞི་དང་མཐུན་པར་འགན་ལེན་བྱས་པ་རེད།
བཟའ་བཅའི་བདེ་འཇགས་ནི་དགེ་སློབ་ཡོངས་ཀྱི་ཚེ་སྲོག་བདེ་འཇགས་དང་འབྲེལ་བ་ཡོད་པས་དེ་ནི་ང་ཚོའི་ལས་ཀའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན། མ་གཞི་དུས་འགོར་ང་ཚོས་ལས་ཀ་མང་པོ་བྱས་ཡོད་མོད། འོན་ཀྱང་དགེ་སློབ་ཚོའི་བཟའ་བཅའི་བདེ་འཇགས་ལ་འགན་ལེན་བྱ་ཆེད། ང་ཚོས་ད་དུང་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ཚད་ལྡན་གྱི་བླང་བྱ་ལྟར་ལས་བཟོ་བའི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་བཀོལ་སྤྱོད་ཀྱི་བརྒྱུད་རིམ་ཚད་ལྡན་དུ་བཏང་ནས་བཟའ་བཅའི་བདེ་འཇགས་ལ་སེམས་ཁྲལ་མེད་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་སྤྱི་ལིའུ་ཆོན་ཧྭ་ཡིས་བཤད།
ཞིབ་བཤེར་བྱས་པ་བརྒྱུད། སློབ་གྲྭ་མང་ཆེ་བའི་ཟ་ཁང་གི་ཐབ་ཚང་གི་འཕྲོད་བསྟེན་གནས་ཚུལ་ཡག་པོ་ཡོད་པ་དང་། བཟའ་བཅའི་བདེ་འཇགས་ལམ་ལུགས་དོན་འཁྱོལ་བྱས་ཚུལ་ཅུང་ཡག་པོ་ཡོད་པ་དང་དུས་མཚུངས་སློབ་གྲྭ་ཁ་ཤས་ཀྱི་ཟ་ཁང་དུ་མ་བཅོས་རྒྱུ་ཆ་ནང་འདྲེན་ཞིབ་བཤེར་གཏན་འབེབས་དོན་འཁྱོལ་ནན་པོ་མེད་པ་དང་། ས་འོག་ཆུ་ལམ་གྱི་ཁེབས་ཤིང་གི་བར་གསེང་ཆེ་དྲགས་པ་སོགས་ཀྱི་གནད་དོན་ལྷག་ཡོད་པ་རེད། གནད་དོན་དེ་དག་ལ་དམིགས་ཏེ་ཞིབ་བཤེར་ཚོགས་ཆུང་གིས་ས་གནས་དེ་གའི་བཅོས་སྒྲིག་གི་བསམ་འཆར་བཏོན་ནས་སློབ་གྲྭར་དུས་བཀག་ནང་བཅོས་སྒྲིག་བྱ་རྒྱུའི་བླང་བྱ་བཏོན་པ་དང་འབྲེལ་མུ་མཐུད་རྗེས་སྙེགས་བྱས་ནས་བཅོས་སྒྲིག་དོན་འཁྱོལ་གནད་ལ་འཁེལ་རྒྱུའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་བཟའ་བཅའ་ཁོའོ་ཡི་ལས་དོན་པ་ཧེ་ཀོང་ཞང་གིས། བཟའ་བཅའི་བདེ་འཇགས་ནི་གནད་དོན་ཆུང་ཆུང་མ་ཡིན་པར་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ནི་ཁྱིམ་ཚང་ཁྲི་སྟོང་མང་པོའི་དངོས་ཡོད་ཀྱི་ཁེ་ཕན་དང་དེ་བས་འབྲེལ་བ་ཡོད་པ་ཞིག་ཡིན། ད་ཐེངས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཀྱི་དམིགས་ཡུལ་ནི་སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭའི་བཟའ་བཅའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱ་ཆེའི་དགེ་སློབ་ཀྱི་བཟའ་བཏུང་བདེ་ཐང་དང་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་དེ་ཡིན། སླད་ཕྱིན་བཟའ་བཅའི་མཁོ་འདོན་ཚོང་ཁང་དང་། ཟ་ཁང་གི་འཕྲོད་བསྟེན་སོགས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་ནན་པོ་བྱེད་པ་དང་། ཟས་རིགས་ཐོན་སྐྱེད་དང་འཁོར་རྒྱུག་བྱེད་པའི་ལྷུ་ཚིགས་ལ་དོ་དམ་ནན་པོ་བྱས་ཏེ་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་རྒྱུ་དང་། ཤེས་རྟོགས་བྱུང་བའི་གནད་དོན་ཐད་ང་ཚོས་སློབ་གྲྭ་དང་མཁོ་འདོན་ཚོང་པར་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་འབྲེལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社