分享按钮

ཐག་པ་འཐེན་པ་དང་གཉའ་ཐག་འཐེན་པའི་ འགྲན་བསྡུར་ཛ་དྲག་པོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་22ཉིན། རང་གྲོང་གི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། ཉིན་དེའི་ཕྱི་དྲོར། ཐག་འཐེན་འགྲན་བསྡུར་དང་གཉའ་ཐག་འཐེན་པའི་འགྲན་བསྡུར་གོ་རིམ་ལྡན་པའི་སྒོ་ནས་འགོ་ཚུཊ་ཏེ་འགྲན་བསྡུར་ཛ་དྲག་པོ་སྤེལ་བ་རེད། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་3པར། ཐག་འཐེན་འགྲན་བསྡུར་དེ་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ཀྱི་ལན་ཆིའུ་སྤོ་ལོའི་ཁང་དུ་སྤེལ་ཞིང་། ཡུལ་དངོས་ཀྱི་ལྟད་མོ་བ་རྣམས་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་ཞིང་དགའ་འབོད་ཡང་ཡང་བྱས་པ་རེད། རང་གྲོང་གི་རྫོང(ཆུས)11དང་ནུས་པའི་གླིང་ཁུལ་ནས་ཡོང་བའི་འགྲན་ཞུགས་པ་ཁག་གིས་རྩལ་ནུས་འགྲན་བསྡུར་ཛ་དྲག་པོ་བྱས་པ་རེད།

ཆུ་ཤུར་རྫོང་ནས་ཡོང་བའི་འགྲན་ཞུགས་པ་བཀྲ་ཤིས་དབང་མོས་ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་ཀྱིས་ཞིང་འབྲོག་པའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བར་མ་ཟད། རྫོང(ཆུས)ཁག་དབར་གྱི་མཛའ་གྲོགས་ཀྱང་ཟབ་ཏུ་བཏང་ཡོད། ད་ཐེངས་ཀྱི་འགྲན་བསྡུར་ལས་མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་པ་དང་། རྒྱལ་ཁ་ནི་མི་ཚང་མའི་འབད་བརྩོན་དང་ཁ་འབྲལ་ཐབས་མེད་པ་ཤེས་བྱུང་། ལུས་རྩལ་འགྲན་བསྡུར་དེ་བས་མང་བ་གཉེར་ནས་ང་ཚོར་ལུས་རྩལ་བྱ་འགུལ་ཁྲོད་ནས་བདེ་ཐང་དང་མཛའ་གྲོགས་ཡོང་བའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བཤད།

འགྲན་བསྡུར་གྱི་བརྒྱུད་རིམ་ནང་། རུ་མི་ཚོས་ཚོགས་པའི་མཉམ་ལས་ཀྱི་ནུས་པ་དང་འགྲན་བསྡུར་གྱི་ཆུ་ཚད་མཐོན་པོ་མངོན་པར་བྱས་ནས་ཁོང་ཚོས་སེམས་ཤུགས་གཅིག་སྒྲིལ་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཤིང་། ལྟད་མོ་བ་རྣམས་ལ་ཡང་སྙིང་སྟོབས་འདིས་ཤུགས་རྐྱེན་བཟང་པོ་ཐེབས་ནས་རུ་མི་ཚོར་ཤུགས་རྒྱགས་རོགས་བྱས་པ་རེད།

དེ་དང་ཆབས་ཅིག་གཉའ་ཐག་འཐེན་པའི་འགྲན་བསྡུར་དེ་ཡང་ལན་ཆིའུ་སྤོ་ལོའི་ཁང་གི་སྦྱོང་བརྡར་ར་བར་ཛ་དྲག་ངང་སྤེལ་བཞིན་ཡོད་པ་སྟེ། འགྲན་ཞུགས་པ་ཚོར་ཞིབ་བཤེར་བྱས་གྲུབ་རྗེས། འགྲན་བསྡུར་ར་བའི་ནང་བསྐྱོད་པ་དང་། ལུས་རྩལ་པ་གཉིས་ཀྱིས་ཕན་ཚུན་ལ་རྒྱབ་གཏད་ཅིང་། རིང་ཚད་ལ་སྨི་10ཙམ་ཡོད་པའི་ཐག་པའི་སྣེ་གཉིས་ལ་མདུད་པ་དམ་པོར་བརྒྱབ་རྗེས། ཐག་པ་དེ་ལུས་རྩལ་པ་སོ་སོའི་བརླ་བར་ནས་མཇིང་པར་བསྐོན་ནས་ཕྱོགས་གཉིས་སུ་འཐེན་རྒྱུར་གྲ་སྒྲིག་བྱས་པ་དང་། ཤན་འབྱེད་པས་འགྲན་བསྡུར་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་མ་ཐག་ལུས་རྩལ་བ་གཉིས་ཀྱིས་ལག་པ་གཉིས་དང་རྐང་རྩེ་ས་ལ་བཙུགས་ནས། རྐང་བ་དང་། ལག་པ། ཕྲག་པ། སྐེད་པ་བཅས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མདུན་ཕྱོགས་སུ་འཐེན་པ་དང་། ཐག་པའི་དཀྱིལ་དུ་བསྡམས་པའི་མཚོན་རྟགས་དེ་རང་ཉིད་ཀྱི་ཕྱོགས་སུ་སླེབས་རྗེས་རྒྱལ་ཁ་ཐོབ་པར་བརྩི་ཡི་ཡོད།

གཉའ་ཐག་འཐེན་པ་ནི་བོད་རིགས་ཀྱི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་སྲོལ་རྒྱུན་གྱི་ལུས་རྩལ་བྱེད་སྒོ་ཞིག་ཡིན་ཞིང་། དེས་ལུས་རྩལ་པའི་སྟོབས་ཤུགས་དང་ཐབས་རྩལ་ལ་ཚོད་བགམ་བྱེད་པར་མ་ཟད། མཐུན་སྒྲིལ་དང་འབད་བརྩོན་གྱི་སྙིང་སྟོབས་ཀྱང་མཚོན་གྱི་ཡོད། ད་ཐེངས་ཀྱི་གཉའ་ཐག་འཐེན་པའི་འགྲན་བསྡུར་ལ་སྤྱི་རྒྱ་55ཅན་དང་། 61 68 76 85བཅས་རིམ་པ་5ལ་དབྱེ་ཡོད་པ་དང་། རིམ་པ་ཚང་མར་རྫོང(ཆུས)དང་། ནུས་པའི་གླིང་ཁུལ་ཁག་གི་ཕུལ་བྱུང་བདམས་ཐོན་པ་ཞུགས་ཡོད་ཅིང་། ཁོང་ཚོས་སྦྱོང་བརྡར་དང་གྲ་སྒྲིག་བྱས་པ་བརྒྱུད། རང་གྲོང་གི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོའི་ཐོག་ཞིང་འབྲོག་པའི་བདམས་ཐོན་པའི་སྟོབས་ཤུགས་དང་ཉམས་འགྱུར་མངོན་ཡོད་པར་བྱས་ཡོད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-25 6 6 拉萨日报藏文 c183191.html 1 ཐག་པ་འཐེན་པ་དང་གཉའ་ཐག་འཐེན་པའི་ འགྲན་བསྡུར་ཛ་དྲག་པོ་སྤེལ་བ། /enpproperty-->