ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་6ཚེས་22ཉིན་གློག་འཕྲིན་འབྱོར་གསལ། མིག་སྔའི་བར་རང་རྒྱལ་གྱིས་རྒྱལ་ཁབ་གསོ་རིག་ལྟེ་གནས་རིགས་13དང་། རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་125ཡི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱ་རྒྱུར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ནས་སྨན་བཅོས་ཐོན་ཁུངས་ཞན་པའི་ཞིང་ཆེན་ལ་གཞི་རྩའི་ཆ་ནས་ཁྱབ་པར་བྱས་ཡོད། དུས་མཚུངས་སུ་ས་ཁུལ་དང་། གྲོང་ཁྱེར། རྫོང་རིམ་པ་བཅས་ཀྱི་སྨན་བཅོས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུཊ་སྣོན་བརྒྱབ་སྟེ། གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་བཏང་བ་དང་། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་ནུས་པ་བརྒྱ་ཆ་75ལས་བརྒལ་ནས་གཞི་རྩའི་ཚད་གཞིར་སླེབས་ཡོད།
འདི་ནི་གསར་འགོད་པས་ཚེས་22ཉིན་2024ལོའི་རྒྱལ་ཡོངས་སྨན་བཅོས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཉམས་མྱོང་ཁྱབ་གདལ་ཚོགས་འདུ་དང་ཀྲུང་གོའི་འཕྲོད་བསྟེན་འཕེལ་རྒྱས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བའི་ཆ་འཕྲིན་ཞིག་རེད།
ནད་གཞི་ཚབས་ཆེན་ཞིང་ཆེན་རང་ནས་ཐག་གཅོད་ཐུབ་པ་དང་། སྤྱིར་བཏང་གི་ནད་གཞི་གྲོང་ཁྱེར་དང་རྫོང་ནས་ཐག་གཅོད་ཐུབ་པ། མགོ་ན་བ་སོགས་ཀྱི་ནད་གཞི་ཤང་དང་གྲོང་ཚོ་རང་ནས་ཐག་གཅོད་ཐུབ་པར་སྐུལ་འདེད་གཏོང་རྒྱུ་ནི་སྨན་བཅོས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་དམིགས་འབེན་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འབྲེལ་ཡོད་ཚན་པ་དང་མཉམ་དུ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས། སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཀྱི་ཤོང་ཚད་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་གྲོང་གསེབ་དང་གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་གི་ཡོད་པ་རེད།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གྲངས་གཞི་ལས་མངོན་པར་གཞིགས་ན། 2022ལོའི་ལོ་མཇུག་བར། རྒྱལ་ཡོངས་སུ་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཁྲི་98ཡོད་པ་དང་། དེའི་ནང་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ཁྲི་3.4དང་། གྲོང་ཚོའི་འཕྲོད་བསྟེན་ཁང་ཁྲི་58.8 སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཁྲི་1ལས་བརྒལ་ཡོད་པ་རེད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་པིན་གྱིས་མང་ཚོགས་ཀྱིས་སྨན་བཅོས་བྱེད་དཀའ་བའི་གནད་དོན་ལ་དམིགས་ནས། སྨན་བཅོས་སྒྱུར་བཅོས་ལ་ཞིབ་འཇུག་དང་སྐུལ་འདེད་བཏང་སྟེ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ལམ་སྲོལ་འཐུས་ཚང་དུ་གཏོང་བ། གསོན་ཤུགས་འཕེལ་བར་བྱེད་པ། སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པ་བརྒྱུད། འཕྲོད་བསྟེན་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་དམངས་འཚོར་ཕན་པ་དེ་བས་ལེགས་པ་ཡོང་རྒྱུ་རེད། དུས་མཚུངས་སུ་སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་ཁང་དང་སྨན་རྫས་མཐུན་སྦྱོར་ངང་འཕེལ་རྒྱས་དང་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས་ཚོད་ལྟའི་དཔེ་སྟོན་སྣ་ཚོགས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། སྨན་བཅོས་འཕྲོད་བསྟེན་སྒྱུར་བཅོས་ཀྱི་བྱེད་ཐབས་ཁག་གནད་ལ་འཁེལ་བའི་སྒོ་ནས་ནུས་པ་ཐོན་པ་དང་གནད་ལ་འཁེལ་བའི་སྒོ་ནས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ཡོད།
ཉེ་དུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་2024ལོའི་གཙོ་གནད་ལས་འགན》པར་འགྲེམས་བྱས་ནས་སྨན་བཅོས་འཕྲོད་བསྟེན་གྱི་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་སྔར་བས་བཀོད་སྒྲིག་གནང་ཡོད།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སྒྲིག་སྲོལ་སྒྱུར་བཅོས་སིའི་རིམ་པ་དང་པོའི་སྐོར་ཞིབ་པ་ཀྲུའུ་ཧུང་པེའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་སྨན་བཅོས་སྒྱུར་བཅོས་ཀྱི་གཙོ་གནད་ལས་འགན་ནང་ཡུལ་བབ་དང་བསྟུན་ནས་གསལ་གསུམ་སྨན་བཅོས་སྒྱུར་བཅོས་ཀྱི་ཉམས་མྱོང་ལ་སློབ་སྦྱོང་དང་ཁྱབ་གདལ་གཏོང་རྒྱུར་དེ་བས་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། འཕྲོད་བསྟེན་བདེ་ཐང་གི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུར་སྔར་བས་མཐོང་ཆེན་བྱས་ནས་སྨན་རྫས་ཚན་རྩལ་གསར་གཏོད་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ། སྤུས་ལེགས་དང་། ནུས་ཆེ། མཉམ་སྡེབ་ཅན་བཅས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་པར་སྔར་བས་མཐོང་ཆེན་བྱས་ནས་རིམ་པ་དབྱེ་སྟེ་སྨན་བཅོས་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱ་རྒྱུ་ཡིན་པ། གྲངས་འཛིན་ཅན་གྱི་ནུས་པ་སྤྲོད་རྒྱུར་སྔར་བས་མཐོང་ཆེན་བྱས་ནས་མང་ཚོགས་ཀྱི་བདེ་ཐང་ཐད་ཀྱི་ཐོབ་སྣང་སྔར་བས་ཆེ་རུ་གཏོང་རྒྱུ་བཅས་ཡིན་པ་རེད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社