ཤིན་ཧྭ་གསར་འགྱུར་ཁང་ཁྲང་ཧྲ་ནས་ཟླ་6ཚེས་22ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཧུའུ་ནན་ཞིང་ཆེན་གནམ་གཤིས་དང་ཆུ་དཔྱད་སོགས་སྡེ་ཚན་ནས་ཕྱོགས་བསྡུས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་6ཚེས་16ཉིན་ནས་བཟུང་ཧུའུ་ནན་དུ་རྒྱུན་མཐུད་རང་བཞིན་གྱི་དྲག་ཆར་བབས་ཡོད། ཚེས་22ཉིན་གྱི་ཆུ་ཚོད་8བར་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཀྲོའུ)14ཡི་རྫོང(གྲོང་ཁྱེར་དང་ཆུས)110ཡི་ཤང(གྲོང་རྡལ)814ལ་ཆར་པ་འབབ་ཚད་ཧོ་སྨི་100ལས་བརྒལ་ཡོད་པ་རེད། ཁྲང་ཏེ་གྲོང་ཁྱེར་ཐའོ་ཡོན་རྫོང་དབྱི་ཝང་ཤིས་གྲོང་རྡལ་དུ་རིམ་རྩིས་བྱས་ན་ཆར་པ་འབབ་ཚད་ཧའོ་སྨི་522.3ཟིན་ཡོད་པ་དང་། ཀྲང་ཅ་ཅེ་གྲོང་ཁྱེར་ཚི་ལི་རྫོང་ནན་ཧྲན་ཕིང་ཤང་གི་ནན་ཧྲན་ཕིང་དུ་ཆུ་ཚོད་གཅིག་ལ་ཆར་ཤུགས་ཆེ་ཤོས་ཧའོ་སྨི་111.2(ཚེས་21ཉིན་གྱི་ཆུ་ཚོད་22ནས་23བར)བབས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར།ཧུའུ་ནན་གྱི་ཤང་ཅང་གཙང་པོའི་འབབ་རྒྱུད་དུ་དྲག་ཆར་བབས་ནས་ཤང་ཅང་གཙང་པོར་2024ལོའི་ཆུ་ལོག་ཐེངས་2པ་རྒྱུགས་ཡོད་པ་རེད། ཚེས་21ཉིན་ནས་བཟུང་།ཧུའུ་ནན་བྱང་རྒྱུད་སོགས་ས་ཁུལ་དུ་དྲག་ཆར་འབབ་འགོ་ཚུགས་ཡོད། ཚེས་21ཉིན་གྱི་ཆུ་ཚོད་8པ་ནས་ཚེས་22ཉིན་གྱི་ཆུ་ཚོད་8པའི་བར་རྫོང(གྲོང་ཁྱེར་དང་ཆུས)19ལ་དྲག་ཆར་བབས་ཡོད་ཅིང་། ཐའོ་ཡོན་དང་། ཡོན་ལིན། ཧྭ་རུང་སོགས་རྫོང(གྲོང་ཁྱེར་དང་ཆུས)5ལ་དྲག་ཆར་ཧ་ཅང་ཆེན་པོ་བབས་པ་དང་། ཐའོ་ཡོན་རྫོང་གི་དབྱི་ཝང་ཤིས་གྲོང་རྡལ་ལ་ཆར་པ་ཧའོ་སྨི་395.6བབས་ནས་ས་གནས་དེ་གའི་འབྲེལ་ཡོད་ཟིན་ཐོ་བཀོད་ཚུན་གྱི་ཆར་ཤུགས་ཆེ་ཤོས་བབས་ཡོད་པ་རེད།
ཟླ་6ཚེས་21ཉིན།ཤང་ཅང་གཙང་པོའི་ཡན་ལག་གཙང་པོའི་ཆུ་ཁ་རིམ་བཞིན་ཆག་པ་དང་བསྟུན་ནས་ཤང་ཅང་གཙང་པོའི་2024ལོའི་ཆུ་ལོག་ཐེངས་2པ་འཇཊ་ཡོད།འོན་ཀྱང་ཧུའུ་ནན་ས་ཁོངས་ཀྱི་ཆུ་ལོག་འགོག་པའི་གནོན་ཤུགས་སྔར་བཞིན་ཆེ་ཙམ་ཡོད།
གསར་འགོད་པས་ཧུའུ་ནན་ཞིང་ཆེན་ཆུ་དཔྱད་དང་ཆུའི་ཐོན་ཁུངས་རྩད་ཞིབ་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། ཚེས་22ཉིན་གྱི་ཆུ་ཚོད་11བར་ཆར་པ་འབབ་པའི་རྐྱེན་གྱིས་ཡོན་ཅང་གཙང་པོའི་དབུས་སྨད་དང་ལི་ཧྲུའེ་དབུས་སྨད།དེ་བཞིན་ཏུང་ཐིང་མཚེའུ་ཁུལ་བཅས་ཀྱི་ཆུ་བོ་འབྲིང་ཆུང་ཁག་གཅིག་གི་ཆུ་ཁ་རྒྱས་ཚད་ཅུང་ཆེ་བ་དང་དེའི་ཁྲོད་ཡོན་ཅང་གཙང་པོའི་ཡན་ལག་ཤང་ལན་ཡ་ཞི་ཡོན་ལིང་རྫོང་ཀའོ་ཆའོ་ས་ཚིགས་ཀྱི་ཆུ་ཁ་ཆུ་ཚོད་24ནང་སྨི་6.78རྒྱས་ཤིང་།མིག་སྔར་ཆུ་ཤུགས་རིམ་བཞིན་འཇགས་ཡོད། ཚེས་22ཉིན་གྱི་ཆུ་ཚོད་9དང་སྐར་མ་10ཡི་ཐོག་ཙི་ཅང་གཙང་པོའི་ཡན་ལག་ཝེ་ཤིས་ཀྱི་ཨན་ཧྭ་རྫོང་ཆིང་ཧྲན་ས་ཚིགས་སུ་ཆུ་ཁ་སྨི་95.68རྒྱས་ནས་ས་ཚིགས་དེ་བཙུགས་ཚུན་གྱི་ཆུ་ཁ་མཐོ་ཤོས་ཀྱི་ཟིན་ཐོ་བཏོད་ཡོད་ཅིང་། རིམ་རྩིས་བྱས་ན་ཆུ་ཁ་སྨི་3.67རྒྱས་ནས་མིག་སྔར་ཆུ་ཤུགས་རིམ་བཞིན་འཇགས་ཡོད།
ཧུའུ་ནན་ཞིང་ཆེན་ཆུ་དཔྱད་དང་ཆུའི་ཐོན་ཁུངས་རྩད་ཞིབ་ལྟེ་གནས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། མ་འོངས་པའི་ཉིན་གསུམ་ནང་ཧུའུ་ནན་དབུས་རྒྱུད་དང་ཧུའུ་ནན་བྱང་རྒྱུད་དུ་ཆར་པ་དྲག་པོ་བབས་པའི་ས་ཁོངས་ནང་གི་ཆུ་བོ་འབྲིང་ཆུང་ཁག་གཅིག་གི་ཆུ་ཁ་རྒྱས་ཚད་ཅུང་ཆེ་བས་ཆུ་ལོག་ཐོན་སྲིད། དེའི་ཁྲོད་ཡོན་ཅང་གཙང་པོའི་ཝུའུ་ཆང་ཞི་ནས་ཐའོ་ཡོན་རྫོང་བར་དང་། ཙི་ཅང་ཀྲོ་ཞི་ནས་ཐའོ་ཅང་རྫོང་བར་གྱི་ཆུ་བོ་འབྲིང་ཆུང་ཁག་ནས་ཆུ་ལོག་ཐོན་སྲིད་པར་དོགས་ཟོན་བྱེད་དགོས་པ་དང་། ཏུང་ཐིང་མཚེའུ་ཁུལ་གྱི་རྨི་ལུའོ་ཅང་ཕིང་ཅང་ས་ཚིགས་སུ་ཆུ་ཁ་རྒྱས་ནས་ཆུ་ལོག་ཐོན་སྲིད་པས་ཏུང་ཐིང་མཚེའུ་ཁུལ་གྱི་ཤིན་ཆང་གཙང་པོའི་ས་ཁུལ་དུ་གློ་བུར་དུ་དྲག་ཆར་བབས་ནས་ཆུ་ལོག་ཐོན་སྲིད་པར་དོགས་ཟོན་བྱེད་དགོས་པ། ཙེ་ཅང་གཙང་པོའི་ཡན་ལག་ཀྲི་ཤིས་གཙང་པོ་དང་། ཡོན་ཅང་གཙང་པོའི་ཡན་ལག་ཤང་ལན་ཡ་ཞི། ལི་ཧྲུའེ་བྱང་ཁུངས་སོགས་ཆུ་བོ་འབྲིང་ཆུང་གི་ཆུ་ཁ་རྒྱས་ཚད་སྨི་3ནས་4.5བར་ཟིན་ནས་ཆུ་ལོག་ཐོན་སྲིད་པ། ས་གནས་ཁག་ཏུ་དྲག་ཆར་བབས་ནས་ཆུ་ལོག་གི་གནོད་འཚེ་དང་གྲོང་ཁྱེར་གྱི་ནང་ཁུལ་དུ་ཞོད་སྐྱོན་སོགས་ཀྱི་གནོད་འཚེ་ཐོན་རྒྱུར་སྔོན་འགོག་བྱེད་དགོས།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社