(པར་ངོས་དང་པོར་མཐུད)ཁྱིམ་བདག དགེ་རྒན། ལྟད་མོ་བ་བཅས་ཀྱིས་མངགས་བཅོལ་གསོ་སྐྱོང་སློབ་ཆེན་གྱི་ལོ་བརྒྱད་རིང་གི་སློབ་སྦྱོང་ལམ་བུ་ལ་ཐུན་མོང་ཐོག་ཕྱིར་དྲན་བྱས་པ་རེད། གློག་འོད་ནག་ཏུ་ཕྱིན་པ་དང་རོལ་དབྱངས་གྲགས་ནས་ས་ཡུལ་དངོས་ཀྱི་ལྟད་མོ་བས་གར་སྟེགས་སུ་བལྟ་བ་དང་། རོལ་དབྱངས་དང་བསྟུན་ནས་ཕྲུ་གུ་ཚོས་ཞབས་བྲོ་འཁྲབ་པ་དང་། ངོ་མཚར་ཆེ་བའི་ཞབས་བྲོར་ལྟད་མོ་བས་བསྟུད་མར་དགའ་འབོད་བྱེད་པ་དང་སྦྲགས་ཐལ་མོའི་རྡེབ་སྒྲས་ཁེངས་ཡོད། དེ་རྗེས་ཡུ་གུར་རིགས་དང་། སོག་རིགས། ཁྲའོ་ཞན་རིགས་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཞབས་བྲོའི་ཐོག་ནས་འཁྲབ་སྟོན་གྱི་མཐོ་རླབས་གསར་པ་ཕྱུར་ཞིང་།ལྟད་མོ་བ་ཚོར་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་དམངས་ཁྲོད་ཞབས་བྲོའི་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་ཐུབ་ཡོད། བྱིས་པའི་ཟློས་གར《དམག་དུང་ཆུང་ཆུང》གི་དུམ་བུ་དང་། བུད་མེད་ཀྱི་ཁེར་འཁྲབཞབས་བྲོ《ཐའོ་ལིང་སྨུག་པོ》 མི་གཉིས་ཀྱི་ཞབས་བྲོ《པར་ར་ཤོག》 མཉམ་འཁྲབ་ཞབས་བྲོ《གནའ་ལམ་རིང་མོ》སོགས་ངོ་མཚར་ཆེ་བའི་ལེ་ཚན་བཅུ་ལྷག་ཙམ་གྱིས་ལྟད་མོ་བའི་ཡིིད་དབང་ཡུན་རིང་འཕྲོག་ཡོད་པ་རེད།
གྲོང་ཁྱེར་གླུ་གར་ཚོགས་པའི(གཞས་གདངས་ཚོགས་པ)མངགས་བཅོལ་སློབ་མ་མཛེས་ལྡན་ལྷ་མོས་འདི་ནི་ང་ཚོས་ལྷ་སར་འཁྲབ་སྟོན་བྱེད་ཐེངས་གཉིས་པ་དེ་ཡིན། མི་འདྲ་བ་ནི་དེ་རིང་ནི་ང་ཚོའི་སློབ་ཐོན་སྙན་ཞུའི་འཁྲབ་སྟོན་ཡིན་པ་དང་གར་སྟེགས་འོག་ཏུ་ང་ཚོའི་ཕ་མ་དང་གཉེན་ཉེ་བསྡད་ཡོད་པས་སེམས་འགུལ་ཆེན་པོ་ཐེབས་བྱུང་ཞེས་བཤད།
སློབ་མའི་ཁྱིམ་བདག་ཉི་ཆུང་གིས་ལོ་བརྒྱད་ནས་བཅུ་གཉིས་བར་གྱི་ཕྲུ་གུ་32ཆུང་དུས་ནས་ཕ་ཡུལ་དང་ཁ་བྲལ་ཏེ་སི་ཁྲོན་སྒྱུ་རྩལ་ལས་རིགས་སློབ་གླིང་དུ་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་། ལོ་བརྒྱད་རིང་གི་སློབ་སྦྱོང་ནང་ཕྲུ་གུ་ཚོས་འབད་བརྩོན་ཆེན་པོ་བྱས་ནས་གྲུབ་འབྲས་ཡག་པོ་ཐོབ་ཡོད། འབྲེལ་ཡོད་འགོ་ཁྲིད་དང་དགེ་རྒན་གྱིས་ཀྱང་ལྟ་རྟོག་ཞིབ་ཚགས་གནང་ཡོད། དེ་རིང་ཕྲུ་གུ་ཚོའི་སློབ་ཐོན་སྙན་ཞུའི་འཁྲབ་སྟོན་ལ་བལྟས་རྗེས་སེམས་འགུལ་ཆེན་པོ་ཐེབས་པ་དང་དགའ་སྤྲོ་ཆེན་པོ་སྐྱེས་བྱུང་ཞེས་བཤད།
འཁྲབ་སྟོན་མཇུག་འགྲིལ་རྗེས་ཁྱིམ་བདག་ཚོས་གར་སྟེགས་ཐོག་ཕྲུ་གུ་ཚོར་མེ་ཏོག་སྤྲད་པ་དང་།སློབ་མས་དགེ་རྒན་ལ་མཇལ་དར་ཕུལ་བས་ཚང་མར་སེམས་འགུལ་ཆེན་པོ་ཐེབས་པ་དང་འབྲལ་མི་ཐུབ་པའི་སེམས་པ་མཚོན་ཡོད། ལོ་བརྒྱད་ནང་སི་ཁྲོན་སྒྱུ་རྩལ་ལས་རིགས་སློབ་གླིང་གིས་ཕུལ་བྱུང་དགེ་རྒན་ཚོགས་པ་བཙུཊ་ནས་ཕྱོགས་མང་པོའི་ཐོན་ཁུངས་སྤུས་ལེཊ་བསྡུ་སྒྲིལ་བྱས་ཏེ་བསམ་བློའི་སློབ་གསོ་དང་སློབ་ཚན་བཀོད་སྒྲིག་ནས་ལག་ལེན་གྱི་སྦྱོང་བརྡར་བར་དང་། ཆེད་ལས་སློབ་ཁྲིད་དང་འགྲན་བསྡུར་ནང་ཞུཊ་པའི་སྦྱོང་བརྡར་ནས་རྒྱུན་གཏན་འཚོ་བའི་བར་ཕྱོགས་ཡོངས་ནས་ཕྲུ་གུ་ཚོ་ཤེས་ལྡན་པར་གྱུར་ཐུབ་པར་བྱས་ཡོད།
ལྷ་སའི་ཁ་ཕྱོགས་གཏན་འཁེལ་གྱི་མངགས་བཅོལ་འཛིན་གྲྭའི་ཆེད་ལས་ཀྱི་རྒན་ཁྲེན་ལགས་ཀྱིས་འདི་ནི་ང་ཚོའི་སློབ་གྲྭའི་ལྷ་སའི་ཁ་ཕྱོགས་གཏན་འཁེལ་གྱི་མངགས་བཅོལ་འཛིན་གྲྭ་ཡིན་ལ་ང་ཚོའི་སློབ་གྲྭའི་ལོ་མང་རིང་གི་མངགས་བཅོལ་དུས་ཡུན་རིང་ཤོས་ཀྱི་འཛིན་གྲྭ་ཡང་ཡིན། སློབ་གྲྭས་ཕྲུ་གུ་དེ་དག་གི་ཆེད་དུ་ཞོར་གཏོགས་སློབ་འབྲིང་དང་སློབ་ཆེན་གང་ཡིན་རུང་ཆེད་ལས་སློབ་ཚན་གྱི་དགེ་རྒན་ཡག་ཤོས་བཀོད་སྒྲིག་བྱས་ཡོད། ཕྲུ་གུ་ཚོས་སློབ་གྲྭར་སློབ་སྦྱོང་བྱེད་རིང་སོ་སོའི་ཞབས་བྲོའི་འཁྲབ་རྩལ་སྦྱོང་བརྡར་ཡག་པོ་བྱས་ཡོད་ལ་སློབ་གྲྭས་ཀྱང་ཡངས་ཤིང་རྒྱ་ཆེ་བའི་འཁྲབ་སྟོན་གར་སྟེགས་ཞིག་བསྐྲུན་ཡོད། ཁོང་ཚོ་ཚོགས་པར་ལོག་རྗེས་བོད་ལྗོངས་སུ་སྔར་བས་མང་བ་དང་། སྔར་བས་ཡག་པ། སྔར་བས་ངོ་མཚར་ཆེ་བའི་ཞབས་བྲོའི་བརྩམས་ཆོས་ལེགས་སྐྱེས་སུ་འབུལ་རྒྱུར་འབད་བརྩོན་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།
སློབ་གྲྭར་ལོ་བརྒྱད་སྡོད་རིང་། སློབ་མ་32ཀྱིས་འབད་བརྩོན་དང་སྦྱོང་བརྡར་ཧུར་ཐག་བྱས་པ་བརྒྱུད་2018ལོའི་ཀྲུང་ཧྭ་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་འཁྲབ་སྟོན་འགྲན་བསྡུར་གྱི་གསེར་གྱི་བྱ་དགའ་དང་། རྒྱལ་ཡོངས་ཞབས་བྲོའི་འཁྲབ་སྟོན་སྐབས་བཅུ་བཞི་པའི་ཕུལ་བྱུང་ལེ་ཚན་བྱ་དགའ། སི་ཁྲོན་ཞིང་ཆེན་སློབ་ཆེན་སློབ་མའི་སྒྱུ་རྩལ་འཁྲབ་སྟོན་སྐབས་བཅུ་པའི་བྱ་དགའ་རིམ་པ་དང་པོ(ཞབས་བྲོའི་ཚོགས་ཆུང་ཁ་པ) CEFAཡི་སྐབས་གསུམ་པའི་ཧྥང་ཧྭ་བུམ་པའི་སྒྱུ་རྩལ་ལས་རིགས་སློབ་གསོའི་ཞབས་བྲོའི་སློབ་ཁྲིད་གྲུབ་འབྲས་འཁྲབ་སྟོན་གྱི་སྤུས་ལེགས་སློབ་ཚན་གྱི་འཁྲབ་སྟོན་བྱ་དགའ་ཡག་ཤོས་ཐོབ་པ་དང་།ཁྲེང་ཏུའུ་ཏ་ཡོན་གྲོང་ཚོའི་ངོ་མཚར་གྱི་ཞབས་བྲོའི་ཁྱིམ་གཞིས་ཞེས་པའི་མི་རིགས་དགོང་ཚོགས་དང་། སྐབས་བཅུ་གསུམ་པའི་ཁམ་ལི་བུམ་པ་ཡི་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་ཞབས་བྲོའི་སློབ་གསོ་དང་སློབ་ཁྲིད་གྲུབ་འབྲས་སི་ཁྲོན་དུ་འཁྲབ་སྟོན་གྱི་བྱེད་སྒོ། སྐབས་གསུམ་པའི་སི་ཁྲོན་སྒྱུ་རྩལ་དུས་ཆེན་འགོ་ཚུགས་མཛད་སྒོའི་འཁྲབ་སྟོན། བོད་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བའི་འཁྲབ་སྟོན། ལྷ་ས་གྲོང་ཁྱེར་གྱི་ཞོ་སྟོན་གྱི་འགོ་ཚུགས་མཛད་སྒོའི་འཁྲབ་སྟོན། བོད་རང་སྐྱོང་ལྗོངས་ཀྱི་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་གྱི་མཉམ་འཛོམས་དགོང་ཚོགས་སོགས་འཁྲབ་སྟོན་ནང་ཞུགས་པ་རེད།
སི་ཁྲོན་ཞིང་ཆེན་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སི་ཁྲོན་སྒྱུ་རྩལ་ལས་རིགས་སློབ་གླིང་གི་སྒྱུ་རྩལ་སྤྱི་ཁྱབ་ལྟ་ཞིབ་པ་ཁྲེན་ཀྲི་ལིན་གྱིས་ཕྲུ་གུ་དེ་དག་འཚར་ལོངས་ཡག་པོ་བྱུང་བ་དང་། ཁོང་ཚོ་ལོ་ཆུང་བྱིས་པ་ནས་སྒྱུ་རྩལ་གྱི་རྐང་འཛིན་པར་གྱུར་བ་མཐོང་སྐབས་ཚོར་སྣང་ཆེ་ཤོས་ནི་མི་རིགས་རིག་གནས་དང་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ལ་གཡུར་དུ་ཟ་བའི་འབྲས་བཟང་བཏག་པ་ཞིག་རེད།ཕྲུ་གུ་དེ་དག་ཕྱིར་ལོག་རྗེས་ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པས་ཁོང་ཚོའི་སྣེ་ཁྲིད་ནས་བོད་མི་དམངས་ཡོངས་ཀྱིས་རྒྱལ་ཡོངས་མི་དམངས་ལ་བཅངས་པའི་བརྩེ་སེམས་ཀྱི་ཐོག་ནས་ལྷ་སའི་གར་སྟེགས་སུ་ཁོང་ཚོའི་འཚར་ལོངས་བྱུང་བའི་བརྒྱུད་རིམ་ནང་ངོ་མཚར་ཆེ་བའི་འོད་མདངས་འཕྲོ་བ་དང་མི་རིགས་ཀྱི་མེ་ཏོག་ལྡུམ་རའི་ནང་དུ་མཛེས་སྡུག་ལྡན་པའི་སྐལ་བཟང་མེ་ཏོག་བཞད་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་བཤད་པ་རེད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社