分享按钮

རང་གྲོང་གི་དངུལ་ཁང་དང་དངུལ་རྩའི་ལས་ཁུངས་ཁག་གིས་བཅོལ་དངུལ་འགན་བཅོལ་དྲིལ་བསྒྲཊ་ཀྱི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སྤྱི་དམངས་ཀྱིས་བཅོལ་དངུལ་འགན་བཅོལ་ལ་ངོས་འཛིན་སྔར་བས་ཆེ་རུ་གཏོང་ཆེད། མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་གཅིག་གྱུར་བཀོད་སྒྲིག་བྱས་པ་གཞིར་བཟུང་། ཉེ་ཆར་རང་གྲོང་གི་དངུལ་ཁང་དང་དངུལ་རྩའི་ལས་ཁུངས་ཁག་གིས་བཅོལ་དངུལ་འགན་བཅོལ་དྲིལ་བསྒྲཊ་ཀྱི་བྱེད་སྒོ་སྤེལ་ནས་སྤྱི་དམངས་ཀྱི་བཅོལ་དངུལ་བདེ་འཇགས་ཀྱི་སྔོན་དཔག་མཐོ་རུ་བཏང་ནས་ལྗོངས་ཡོངས་ཀྱི་དངུལ་རྩ་བརྟན་ལྷིང་སྲུང་སྐྱོང་ནུས་ལྡན་བྱས་པ་རེད།

བཅོལ་དངུལ་འགན་བཅོལ་ནི་ཁྲིམས་འཛུགས་ཀྱི་རྣམ་པའི་ཐོག་ནས་བཙུགས་པའི་ཆེད་དམིགས་བཅོལ་དངུལ་འགན་བཅོལ་ཐེབས་རྩ་ཞིག་ཡིན་ཞིང་། ཚོང་ལས་དངུལ་ཁང་གིས་བཅོལ་དངུལ་འགན་བཅོལ་གྱི་གྲོན་དངུལ་སྤྲད་དེ་དངུལ་བཅོལ་མཁན་གྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ལམ་ལུགས་ཤིག་ཡིན། བྱེད་སྒོའི་ཁྲོད། གཡུ་ཐོག་ལམ་དུ་དངུལ་ཁང་དང་དངུལ་རྩའི་སྒྲིག་གཞི་ཁག་གིས་དྲིལ་བསྒྲགས་སྟེགས་བུ་བཙུགས་ནས་གལ་ཆེའི་གནས་སུ་དྲིལ་བསྒྲགས་ཀྱི་བརྡ་ཁྱབ་སྦྱར་བ་དང་། དངུལ་ཁང་གི་ལས་དོན་མི་སྣས་མཁོ་མཁན་ལ་བཅོལ་དངུལ་འགན་བཅོལ་གྱི་འབྲེལ་ཡོད་ཤེས་བྱ་ཁྱབ་གདལ་གཏོང་བ། བཅོལ་དངུལ་འགན་བཅོལ་གྱི་འགན་སྲུང་ཁྱབ་ཁོངས་དང་། འཇལ་སྤྲོད་ཀྱི་ཚད་གཞི། འཇལ་སྤྲོད་ཀྱི་ཆ་རྐྱེན། བཀོད་སྒྲིག་གི་དོན་སྙིང་སོགས་གཙོ་གནད་དུ་བཟུང་ནས་འགྲེལ་བཤད་བྱས་ཏེ་མང་ཚོགས་ཀྱིས་བཅོལ་དངུལ་འགན་བཅོལ་ཤེས་རྟོགས་བྱེད་ཚད་སྔར་བས་ཆེ་རུ་ཕྱིན་ནས་དངུལ་བཅོལ་མཁན་གྱིས་བློ་བདེ་པོའི་ངང་དངུལ་བཅོལ་ཐུབ་པར་བྱས་ཏེ་སྤྱི་དམངས་ཀྱིས་བཅོལ་དངུལ་བདེ་འཇགས་དང་དངུལ་རྩའི་སྒྲིག་གཞིར་ཡིད་ཆེས་ཆེ་རུ་གཏོང་གི་ཡོད་པ་རེད།

དམངས་འཚོའི་དངུལ་ཁང་གཡུ་ཐོག་ལམ་ཉིང་ལག་དངུལ་ཁང་གི་ལས་དོན་མི་སྣ་ལེགས་ལྡན་གྱིས་ངེད་དངུལ་ཁང་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་བཅོལ་དངུལ་འགན་བཅོལ་དྲིལ་བསྒྲགས་སློབ་གསོའི་འགོ་ཁྲིད་ལས་དོན་ཚོགས་ཆུང་བཙུགས་ཏེ་ལས་གཉེར་དྲ་ཚིགས་རྒྱུན་གཏན་ཅན་གྱི་དྲིལ་བསྒྲགས་དང་། ཚོང་ཁུལ་དང་སྡེ་ཁུལ་གཅིག་སྡུད་དྲིལ་བསྒྲགས་སོགས་བརྒྱུད་ནས་སྤྱི་དམངས་ཀྱི་བཅོལ་དངུལ་འགན་བཅོལ་ཤེས་རྟོགས་བྱེད་ཚད་སྔར་བས་མཐོ་རུ་ཕྱིན་པ་དང་དངུལ་རྩའི་ཤེས་བྱ་ཁྱབ་གདལ་བཏང་སྟེ་ཁོངས་གཏོགས་ཁུལ་གྱི་དངུལ་རྩའི་ཁོར་ཡུག་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་གི་ཡོད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། 《བཅོལ་དངུལ་འགན་བཅོལ་སྲོལ་ཡིག》2015ལོའི་ཟླ་5ཚེས་1ཉིན་ལག་བསྟར་བྱས་པ་ནས་བཟུང་། བོད་ཀྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་ཚང་མ་ཞུགས་ནས་ལྗོངས་ཡོངས་ཀྱི་དངུལ་བཅོལ་མཁན་བརྒྱ་ཆ་99.6ལ་འགན་ལེན་ཆ་ཚང་བྱས་ཏེ་དངུལ་ཁང་ལས་རིགས་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་དངུལ་བཅོལ་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་སོགས་ཐད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དངུལ་ཁང་ལས་རིགས་ཀྱི་གཉེར་སྐྱོང་བརྟན་བརླིང་རང་བཞིན་དང་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་ཐོག་མཐའ་བར་གསུམ་དུ་དམངས་ཀྱི་ཆེད་དུ་དངུལ་རྩ་འཇོག་པའི་ཐོག་མའི་ལས་འགན་མཐའ་འཁྱོངས་བྱས་ཏེ་ས་གནས་སྲིད་གཞུང་དང་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་དང་མཉམ་དུ་ཐབས་ལམ་དང་བྱེད་ཐབས་མང་པོའི་ཐོག་ནས་བརྗོད་བྱ་གཅིག་གྱུར་དང་། བྱ་ཐབས་སྣ་མང་རྒྱུན་རྣམ་ཅན། ཁྱད་ཆོས་ཅན་བཅས་ཀྱི་བཅོལ་དངུལ་འགན་བཅོལ་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་ནས་བཅོལ་དངུལ་འགན་བཅོལ་གྱི་ཤེས་བྱ་འཚོ་བ་དང་། གཞི་རིམ། མི་སེམས་བཅས་སུ་གཏིང་ཟབ་ཏུ་ཟུག་ཐུབ་པ་བྱུང་ཡོད།

མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་དངུལ་རྩ་བརྟན་ལྷིང་ཁྲུའུ་ཡི་ལས་དོན་མི་སྣ་ཧོ་ལི་མིང་གིས་སླད་ཕྱིན་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་བྱས་ནས་སྡེ་ཁུལ་གྱི་ཡུལ་མི་དང་། ཞིང་འབྲོག་པ། ཐག་རིང་ལུང་ཁུག་བཅས་ཀྱི་མི་ལ་བཅོལ་དངུལ་འགན་བཅོལ་གྱི་ཤེས་བྱ་སྒྲོག་འགྲེལ་བྱེད་པའི་ཐད་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་བཅོལ་དངུལ་འགན་བཅོལ་གྱི་ལམ་ལུགས་དེ་རང་ལྗོངས་ཀྱི་དངུལ་རྩའི་བདེ་འཇགས་ཀྱི་འགན་ལེན་གལ་ཆེན་ཞིག་ཏུ་འགྱུར་བར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-22 6 6 拉萨日报藏文 c183146.html 1 རང་གྲོང་གི་དངུལ་ཁང་དང་དངུལ་རྩའི་ལས་ཁུངས་ཁག་གིས་བཅོལ་དངུལ་འགན་བཅོལ་དྲིལ་བསྒྲཊ་ཀྱི་བྱེད་སྒོ་སྤེལ་བ། /enpproperty-->