分享按钮

གྲོང་ཁྱེར་ཡོངས་ཀྱི་སྒྲིག་གཞི་སྒྱུར་བཅོས་ཐད་གོམ་སྟབས་གལ་ཆེན་སྤོས་པ།

རང་གྲོང་དུ་ལས་ཁུངས་མང་པོ་ཞིག་སྒོ་བྱང་བཀལ་ནས་བཙུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་19ཉིན། གྲོང་ཨུད་ཀྱི་སྒྲིག་གཞི་སྒྱུར་བཅོས་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཀྲུང་གུང་ལྷ་ས་གྲོང་ཨུད་ཀྱི་སྤྱི་ཚོགས་ལས་དོན་པུའུ་དང་། ལྷ་ས་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས(གྲོང་ཁྱེར་གྲོང་གསེབ་དར་རྒྱས་ཅུས)ལྷ་ས་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་བཅས་དངོས་སུ་སྒོ་བྱང་བཀལ་བ་དེའི་ཐོག་ནས་རང་གྲོང་གི་སྒྲིག་གཞི་སྒྱུར་བཅོས་ཐད་གོམ་སྟབས་གལ་ཆེན་སྤོས་པ་དང་།གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་ལས་དོན་དང།“ཞིང་གསུམ”ལས་དོན། རིག་གནས་དང་ཡུལ་སྐོར་ལས་དོན་སོགས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་པ་མཚོན་ཡོད།

ཡུལ་དངོས་སུ་གྲོང་ཨུད་ཀྱི་སྤྱི་ཚོགས་ལས་དོན་པུའི་སྒོ་བྱང་འགེལ་བའི་མཛད་སྒོའི་དར་གོས་དམར་པོའི་ཡོལ་བ་ཕྱེ་བ་དང་སྦྲགས“ཀྲུང་གོ་གུང་ཁྲན་ཏང་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་སྤྱི་ཚོགས་ལས་དོན་པུའུ”དང“ཀྲུང་གོ་གུང་ཁྲན་ཏང་ལྷ་ས་གྲོང་ཨུད་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ལས་དོན་ཨུ་ཡོན་ལྷན་ཁང”གཉིས་ཀྱི་སྒོ་བྱང་བཀལ་བ་དང་སྦྲགས་ཡུལ་དངོས་སུ་ཐལ་མོའི་རྡེབ་སྒྲས་ཁེངས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གསར་དུ་བཙུགས་པའི་གྲོང་ཨུད་ཀྱི་སྤྱི་ཚོགས་ལས་དོན་པུའུ་ནི་གྲོང་ཨུད་ཀྱི་འགན་ནུས་སྡེ་ཚན་ཞིག་ཡིན་པ་དང་། གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་དང་མི་དམངས་ཀྱི་གྲོས་འགོ་བསྡུ་རུབ་བྱེད་པའི་ལས་དོན་ལ་གཅིག་གྱུར་གྱིས་མཛུབ་ཁྲིད་དང་། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་དང་གཞི་རིམ་སྲིད་དབང་འཛུགས་སྐྱོང་ལ་སྣེ་ཁྲིད་བྱེད་པ། གྲོང་ཁྱེར་ཡོངས་ཀྱི་ལས་རིགས་མཐུན་ཚོགས་ཚོང་ཚོགས་ཀྱི་ཏང་གི་ལས་དོན་ལ་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པ། མཉམ་བསྲེས་ལ་དབང་བའི་ཁེ་ལས་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་དང་དཔལ་འབྱོར་རྩ་འཛུགས་གསར་པ། སྤྱི་ཚོགས་རྩ་འཛུགས་གསར་པ། ལས་ཞུགས་ཚོགས་སྤྱི་གསར་པ་བཅས་ཀྱི་ཏང་འཛུགས་སྐྱོང་གི་ལས་དོན་ལ་མཛུབ་ཁྲིད་བྱེད་པ། སྤྱི་ཚོགས་ལས་དོན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་མཛུབ་ཁྲིད་བྱེད་པ། དང་བླངས་ཞབས་ཞུའི་ལས་དོན་སོགས་ཀྱི་འགན་འཁུར་གྱི་ཡོད་པ་རེད།

གྲོང་ཨུད་ཀྱི་སྤྱི་ཚོགས་ལས་དོན་པུའི་པུའུ་ཀྲང་དང་ལས་དོན་ཨུ་ལྷན་གསར་པ་གཉིས་ཀྱི་ཧྲུའུ་ཅི་དབྱང་ཏུང་ཀྲང་གིས་དེ་རིང་ལྷ་ས་གྲོང་ཨུད་ཀྱི་སྤྱི་ཚོགས་ལས་དོན་པུའི་སྒོ་བྱང་བཀལ་ནས་བཙུགས་པ་དང་གསར་དུ་བཙུགས་པའི་སྡེ་ཚན་ཞིག་ཡིན་པའི་ངོས་ནས་ང་ཚོས་ཕྱིས་འབྱུང་གི་ལས་དོན་ཁྲོད། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་། ཚན་རིག་དང་མཐུན་པའི་འདུ་ཤེས་དང་བྱ་ཐབས། ལས་ཀའི་སྤྲོ་སེམས་ཆེ་བ། དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་འགན་འཁྲི་ནན་ཏན་སྒྲུབ་པ་དང་འགན་འཁུར་ཕོད་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུ་ཡིན་ཞེས་བཤད།

ཉིན་དེར།ལྷ་ས་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས(གྲོང་ཁྱེར་གྲོང་གསེབ་དར་རྒྱས་ཅུས)ཀྱི་སྒོ་བྱང་བཀལ་ནས་བཙུགས་པ་རེད། སྒྲིག་གཞི་དེས་དེ་སྔའི་ཞིང་ལས་གྲོང་གསེབ་ཅུས་དང་གྲོང་གསེབ་དར་རྒྱས་ཅུས་ཀྱི་འགན་འཁྲི་བསྡུ་སྒྲིལ་བྱས་ནས་ཞིང་ལས་གྲོང་གསེབ་ཅུས་གསར་པ་བཙུགས་པ་དེའི་ཐོག་ནས་དེ་སྔའི་ཞིང་ལས་གྲོང་གསེབ་ཅུས་དང་གྲོང་གསེབ་དར་རྒྱས་ཅུས་ཀྱིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྤྲད་པའི་ལས་འགན་གལ་ཆེན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད་པ་མཚོན་གྱི་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་། ཅུས་ཀྲང་། གྲོང་གསེབ་དར་རྒྱས་ཅུས་ཀྱི་ཅུས་ཀྲང་བཅས་ཡིན་པའི་བསོད་ནམས་ཚེ་རིང་གིས་ཕྱིས་འབྱུང་།མ་མཐའི་མཚམས་ཐིག་སྲུང་བ་དང་།སྒུལ་ཤུགས་ཆེ་རུ་གཏོང་བ།འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་དམིགས་ཏེ། གྲོང་གསེབ་དར་རྒྱས་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དང་དུས་རབས་ཀྱི་ལས་འགན་ལྕི་པོ་ཕྲག་ཐོག་ཏུ་ཁུར་ནས་ཞིང་འབྲོག་པའི་འབབ་འཕར་དང་། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་ཐོན་སྐྱེད་དང་མཁོ་སྤྲོད་འགན་ལེན་བྱེད་པའི་གྲོང་གསེབ་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོ་སོགས་ཀྱི་གཙོ་གནད་ལས་དོན་ལ་དམ་པོར་དམིགས་ཏེ་སྟོབས་ཤུགས་གཅིག་སྒྲིལ་དང་མཉམ་ཤུགས་ཤིག་ཆགས་པར་བྱས་ནས་ལས་དོན་ཁག་ཏན་ཏིག་ངང་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།

ཉིན་དེར། ལྷ་ས་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་སྒོ་བྱང་བཀལ་ནས་བཙུགས་པ་དེས་ཀྱང་གྲོང་ཁྱེར་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་ཤོག་ངོས་གསར་རྐྱང་ཞིག་ཕྱེ་བ་ལྟ་བུས་རང་གྲོང་གི་རིག་གནས་དང་ཡུལ་སྐོར་གྱི་གཟུགས་བརྙན་ལེགས་སུ་གཏོང་བ་དང་། རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་མིང་བྱང་གསར་པ་གཏོད་པ། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་གཞོན་པ་ལྷག་སྒྲོན་གྱིས་ཕྱིས་འབྱུང་། ང་ཚོས་ཡུལ་སྐོར་དང་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་བའི་འདུ་ཤེས་དང་ཟུང་འབྲེལ་བྱས་ཏེ་ཡུལ་སྐོར་ལ་བརྟེན་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། རིག་གནས་བྱ་གཞག་དང་ཡུལ་སྐོར་ལས་རིགས་དར་རྒྱས་གོང་འཕེལ་གཏོང་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ། ཕུལ་བྱུང་རིག་གནས་གསར་གཏོད་རང་བཞིན་འཕེལ་རྒྱས་བཅས་ལ་སྔར་བས་སྐུལ་འདེད་བཏང་ནས“ལས་གཞི་ཆེན་པོ་ལྔ”ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི“འདུ་ཤེས་ཆེན་པོ་ལྔ”ལ་གཞི་ཚུགས་ནས་སྐུལ་འདེད་གཏིང་ཟབ་བཏང་ནས“རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བ”དང“གལ་ཆེ་མཉམ་འཛིན་གྱི་འཕེལ་རྒྱས་ལྔ”བཅས་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱས་ཏེ་རིག་གནས་སྟོབས་ལྡན་གྲོང་ཁྱེར་དང་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-22 རང་གྲོང་དུ་ལས་ཁུངས་མང་པོ་ཞིག་སྒོ་བྱང་བཀལ་ནས་བཙུགས་པ། 6 6 拉萨日报藏文 c183141.html 1 གྲོང་ཁྱེར་ཡོངས་ཀྱི་སྒྲིག་གཞི་སྒྱུར་བཅོས་ཐད་གོམ་སྟབས་གལ་ཆེན་སྤོས་པ། /enpproperty-->