分享按钮

གནམ་མཚོའི་མཛེས་ལྗོངས་ཁུལ་གྱི་རིན་མེད་ཐད་གཏོང་རླངས་འཁོར་ལ་རྒྱ་ཆེའི་ཡུལ་སྐོར་བས་གདེང་འཇོག་བཟང་པོ་ཐོབ་པ།

ཟླ་6ཚེས་1ཉིན་ནས་བཟུང་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་ནས་གནམ་མཚོའི་མཛེས་ལྗོངས་ཁུལ་བར་གྱི་རིན་མེད་ཐད་གཏོང་རླངས་འཁོར་ཤར་གཏོང་ཐུབ་པ་དང་ཟླ་ཕྱེད་ལྷག་ཙམ་རིང་འཁོར་སྐྱོད་བྱས་པར་ཡུལ་སྐོར་བར་ཕན་པ་དང་སྟབས་བདེ་བསྐྲུན་ཡོད་པས་རྒྱ་ཆེའི་ཡུལ་སྐོར་བས་གདེང་འཇོག་བཟང་པོ་དང་བསྔགས་བརྗོད་ཡང་ཡང་ཐོབ་ཡོད།

ཟླ་6ཚེས་16ཉིན་གྱི་དགོང་མོའི་ཆུ་ཚོད་19གཡས་གཡོན་དུ་ཐད་གཏོང་རླངས་འཁོར་དང་པོ་དེ་གནམ་མཚོའི་མཛེས་ལྗོངས་ཁུལ་ནས་གནས་ཚང་མགྲོན་ཁང་དུ་འབྱོར་ཞིང་། པེ་ཅིང་ནས་ཡོང་བའི་ཡུལ་སྐོར་བ་ལི་ཝུན་ཐའོ་གནས་ཚང་མགྲོན་ཁང་གི་རླངས་འཁོར་འཇོག་ས་རུ་འབྱོར་རྗེས་ཁ་ལོ་བའི་སྤྲོ་སེམས་འཁོལ་བའི་ཞབས་ཞུ་དང་གནམ་མཚོའི་མཛེས་ལྗོངས་ལ་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད། ཁོ་པས་ང་ཚོ་ལྷ་སར་འབྱོར་རྗེས་གནས་ཚང་མགྲོན་ཁང་དུ་བསྡད་པ་ཡིན། འདི་གར་གནམ་མཚོར་འགྲོ་མཁན་གྱི་རིན་མེད་ཐད་གཏོང་རླངས་འཁོར་འདུག་པས་ཐད་གཏོང་རླངས་འཁོར་ལ་བསྡད་དེ་གནམ་མཚོར་ཡུལ་སྐོར་དུ་ཕྱིན་པ་ཡིན། སྤྱིའི་ཆ་ནས་བཤད་ན་ཧ་ཅང་ཡག་པོ་འདུག ཁ་ལོ་བས་རླངས་འཁོར་གཏོང་སྐབས་ཧ་ཅང་བརྟན་པོ་ཡོད་པ་མ་ཟད། ལམ་བར་དུའང་ང་ཚོར་རོགས་རམ་མང་པོ་བྱས་བྱུང་། ཡུལ་སྐོར་བ་ཞིག་གི་ངོས་ནས་བརྗོད་ན་ང་རང་བློ་ཡིད་ཚིམ་པོ་བྱུང་། གནམ་མཚོར་ཡུལ་སྐོར་དུ་བསྐྱོད་རྒྱུ་ནི་ངའི་ལོ་མང་རིང་གི་ཕུགས་འདུན་ཡིན། ད་ཐེངས་གཞི་ནས་མངོན་འགྱུར་བྱུང་སོང་། གནམ་མཚོའི་མཛེས་ལྗོངས་ཧ་ཅང་སྐྱིད་པོ་འདུག་པས་འདི་གར་འགྲོ་རིན་ཆོག་པ་ཞིག་འདུག་ཅེས་བཤད།

ཡུལ་སྐོར་བ་ལན་ལགས་ཀྱིས་ད་ཐེངས་ང་རང་གཅིག་པུ་བོད་ལ་ཡུལ་སྐོར་དུ་ཡོང་བ་ཡིན། ངའི་གྲོགས་མོ་ཞིག་འདི་གར་ཡོད་པས་ཁོ་མོས་ད་ཆ་གྲོང་ཁུལ་ནས་གནམ་མཚོའི་མཛེས་ལྗོངས་ཁུལ་དུ་སྐྱོད་མཁན་གྱི་རིན་མེད་ཐད་གཏོང་རླངས་འཁོར་ཤར་གཏོང་ཐུབ་ཡོད་ཅེས་བཤད་བྱུང་། དེར་བརྟེན་ང་དང་གྲོགས་མོ་མཉམ་དུ་གནམ་མཚོར་ཕྱིན་པ་ཡིན། ལམ་བར་དུ་ཁ་ལོ་བའི་ཞབས་ཞུ་ཧ་ཅང་ཡག་པོ་འདུག་པས་ཧ་ཅང་དགའ་པོ་བྱུང་ཞེས་བཤད།

ཡུལ་སྐོར་བ་ཡེ་ལགས་ཀྱིས་ངས་ཤའོ་ཧུང་ཧྲུའུ་དྲ་ཐོག་ནས་སྲིད་ཇུས་འདི་མཐོང་བྱུང་། དྲ་རྒྱའི་སྟེགས་བུའི་ཐོག་ནས་སྤ་སེ་མངགས་ཉོ་བྱས་པ་ཡིན། སྤ་སེ་མངགས་ཉོ་བྱེད་པར་གདམ་ཁ་བྱ་རྒྱུ་མང་པོ་འདུག་པས་དུས་ཚོད་དང་ཐད་གཏོང་རླངས་འཁོར་གྱི་ཐེངས་གྲངས་སོགས་ཀྱིས་ཡུལ་སྐོར་བའི་དགོས་མཁོ་སྐོང་ཐུབ་ཀྱི་འདུག གྲོང་ཁུལ་ནས་གནམ་མཚོའི་མཛེས་ལྗོངས་ཁུལ་བར་གྱི་རིན་མེད་ཐད་གཏོང་རླངས་འཁོར་ནི་འདི་ལོའི་ཟླ་6ཚེས་1ཉིན་ནས་ཤར་གཏོང་ཐུབ་པ་དང་སྲིད་གཞུང་གི་དམངས་ཕན་བྱ་ཐབས་ཤིག་ཡིན་པ་ཤེས་རྟོགས་བྱུང་། འདིས་ང་ཚོ་ཡུལ་སྐོར་བ་ཧ་ཅང་བློ་བདེ་པོ་འདུག ཕྱིར་ལོག་རྗེས་ངས་ལས་རོགས་དང་གྲོགས་པོ་གྲོགས་མོ་ཚོར་སྲིད་ཇུས་འདི་རིགས་དྲིལ་བསྒྲགས་བྱས་ནས་ཁོང་ཚོ་ཡང་ལྷ་སར་ཡུལ་སྐོར་དུ་ཡོང་རྒྱུའི་ཡིད་དབང་འགུག་རྒྱུ་ཡིན་ཞེས་བཤད།

གནམ་མཚོའི་མཛེས་ལྗོངས་ཁུལ་གྱི་རིན་མེད་ཐད་གཏོང་རླངས་འཁོར་ཤར་གཏོང་ཐུབ་པ་ནི་རང་གྲོང་གི་དཔལ་འབྱོར་ལ་སྐུལ་འདེད་དང་དམངས་འཚོར་ཕན་པ་དང་ཁེ་ལས་ལ་རོགས་རམ་བྱེད་པའི་སྲིད་ཇུས་ཁག་8ནང་གི་ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་ཤིག་ཡིན་པ་དང་། འདི་ནི་རང་གྲོང་གིས་ཡུལ་སྐོར་བར་སྟབས་བདེ་བསྐྲུན་པ་དང་། གནམ་མཚོའི་མཛེས་ལྗོངས་ཁུལ་གྱི་མི་ཚོགས་མང་དུ་གཏོང་བ། ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ཐབས་ནུས་ལྡན་ཞིག་རེད། གནམ་མཚོའི་མཛེས་ལྗོངས་ཁུལ་གྱི་ཐད་གཏོང་རླངས་འཁོར་དེ་ཟླ་6ཚེས་1ཉིན་ནས་ཟླ་12ཚེས་31ཉིན་བར་འཁོར་སྐྱོད་བྱ་རྒྱུ་དང་ལྷ་ས་པོ་ཏ་ལ་ཡུལ་སྐོར་རིག་གནས་ཚོགས་པ་ཚད་ཡོད་ཀུང་སི་དང་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཐོན་ལས་ཚོགས་པ་ཚད་ཡོད་ཀུང་སིས་ཆེད་གཏོང་རླངས་འཁོར་གྱི་གཉེར་སྐྱོང་ལས་དོན་གྱི་འགན་འཁུར་རྒྱུ་རེད།

ཁ་ལོ་བ་དབང་འདུས་ཀྱིས་ཁ་ལོ་བ་ཞིག་ཡིན་པའི་ངོས་ནས་ང་ཚོས་འབྲེལ་ཡོད་ཀྱི་བླང་བྱ་ལྟར་བདེ་འཇགས་ངང་རླངས་འཁོར་བཏང་ནས་འགྲུལ་པ་རྣམས་སྣང་བ་སྐྱིད་པོ་ཡོང་བར་བྱེད་པ་དང་འབྲེལ་ཁོང་ཚོ་བདེ་འཇགས་ལྡན་པའི་སྒོ་ནས་སྐྱེལ་ཐུབ་པ་དང་བདེ་འཇགས་ངང་ཕྱིར་ལོག་ཐུབ་པར་བྱ་རྒྱུ་ཡིན། གཞན་ཡང་གནམ་གཤིས་ཀྱི་གནས་ཚུལ་ལ་གཞིགས་ནས་གྱོན་ཆས་འཁྱེར་ཡོང་དགོས་པའི་དྲན་སྐུལ་ཡང་ཞུ་རྒྱུ་ཡིན་ཞེས་བཤད།

ལྷ་ས་གྲོང་ཁྱེར་གངས་ལྗོངས་མུ་ཏིག་ཡུལ་སྐོར་རླངས་འཁོར་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཆོས་རྒྱལ་གྱིས་གནམ་མཚོའི་མཛེས་ལྗོངས་ཁུལ་གྱི་ཐད་གཏོང་རླངས་འཁོར་ཤར་གཏོང་ཐུབ་པ་ནས་བཟུང་ཉིན་ལྟར་ང་ཚོས་རླངས་འཁོར་ཆེ་གྲས་8ནས་9བར་གཏོང་གི་ཡོད། ཡུལ་སྐོར་བས་བློ་རིག་ལྡན་པའི་སྒོ་ནས་བོད་དུ་ཡུལ་སྐོར་བྱེད་ཅེས་པའི་སྐད་འཕྲིན་སྤྱི་སྟེགས་བརྒྱུད་སྤ་སེ་ཉོ་ཆོག་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། གནམ་མཚོའི་མཛེས་ལྗོངས་ཁུལ་གྱི་རིན་མེད་ཐད་གཏོང་རླངས་འཁོར་ཤར་གཏོང་བྱས་ཚུན་ཡུལ་སྐོར་བ་1500ཙམ་ལ་ཕན་པ་ཐོབ་ཡོད་པ་རེད། ཡུལ་སྐོར་བར་ཕན་པ་དང་སྟབས་བདེ་བསྐྲུན་པ་དང་ཆབས་ཅིག་ཡུལ་སྐོར་བ་དེ་བས་མང་བ་ཞིག་ལ་ལྷ་ས་གྲོང་ཁྱེར་གྱི་ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཆོད་སེམས་དང་ལྷག་བསམ་རྣམ་དག་ཀྱང་ཚོར་ཐུབ་པ་བྱུང་ཡོད།

ཆོས་རྒྱལ་གྱིས་ང་ཚོས་ཡུལ་སྐོར་བ་དེ་བས་མང་བ་ཞིག་རིན་མེད་ཐད་གཏོང་རླངས་འཁོར་ནང་བསྡད་ནས་གནམ་མཚོའི་དམིགས་བསལ་ལྡན་པའི་མཛེས་ལྗོངས་ལ་མྱོང་རོལ་བྱ་རྒྱུའི་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ཅེས་བཤད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-22 6 6 拉萨日报藏文 c183140.html 1 གནམ་མཚོའི་མཛེས་ལྗོངས་ཁུལ་གྱི་རིན་མེད་ཐད་གཏོང་རླངས་འཁོར་ལ་རྒྱ་ཆེའི་ཡུལ་སྐོར་བས་གདེང་འཇོག་བཟང་པོ་ཐོབ་པ། /enpproperty-->