ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྒྱུན་འཛིན་དང་། མི་རིགས་ཀྱི་ལུས་རྩལ་རིག་གནས་དར་སྤེལ་གཏོང་བ། ཞིང་འབྲོག་པའི་བསམ་བློའི་བྱང་ཚད་དང་། གཟུགས་པོའི་བྱང་ཚད། འཚོ་བའི་སྤུས་ཚད་བཅས་མཐོ་རུ་གཏོང་བ། སྐྱོན་བྲལ་གྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ་བཅས་ཀྱི་ཆེད། ཉེ་ཆར། ངོ་མཚར་ཆེ་བའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་མཉམ་སྤྱོད་ཀྱིས་མཛེས་པའི་གྲོང་གསེབ་གསར་པ་མཉམ་དུ་བསྐྲུན་ཞེས་པ་གཙོ་དོན་དུ་བྱས་པའི་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་འཚོགས་པ་རེད།
བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་མཛད་སྒོ་འགོ་ཚུགས་པ་རེད། ལུས་རྩལ་པའི་འཐུས་མི་དང་ཤན་འབྱེད་པའི་འཐུས་མིས་སྔ་རྗེས་སུ་དམ་བཅའ་བཞག་ཡོད། དེ་རྗེས《མཛེས་སྡུག་ལྡན་པའི་བོད་ལྗོངས》དང་།《འཚོ་བ་གསར་པ》《སླར་ཡང་སྟོད་ལུང་དུ་མཇལ་ཡོང》《ཤུགས་རྒྱོབ》སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་རྩལ་འཁྲབ་སྟོན་རེས་མོས་ཀྱིས་འཁྲབ་སྟོན་བྱས་པས་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ཧུར་བརྩོན་དང་ཡར་ཐོན་གྱི་བསམ་པའི་ཉམས་འགྱུར་མངོན་ནས་རིག་གནས་ཀྱི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད།
སྟོད་ལུང་བདེ་ཆེན་ཆུས་ཀྱི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོར་དུས་ཡུན་ཉིན་གཉིས་ཡིན་པ་དང་།སྟོད་ལུང་བདེ་ཆེན་ཆུས་ཀྱི་གྲོང་རྡལ(ཁྲོམ་གཞུང)ཁག་ནས་ཡོང་བའི་ཞིང་འབྲོག་མང་ཚོགས་181འགྲན་ཚོགས་ནང་ཞུགས་ཡོད། འགྲན་བསྡུར་དེ་འཐག་འཐེན་དང་། རྡོ་འགྱོགས། འུར་རྡོ་སོགས་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་གཙོ་བོར་བྱས་པས་མང་ཚོགས་མང་པོ་ཞིག་ལྟ་རུ་ཡོང་བ་དང་།ཚང་མས་རྩལ་འགྲན་་དང་སྤྲོ་སྣང་ཁྲོད་སྲོལ་རྒྱུན་ལུས་རྩལ་གྱི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་བྱས་པ་རེད།
འགྲན་བསྡུར་ནང་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཞིང་འབྲོག་མང་ཚོགས་ཀྱིས་སྙིང་སྟོབས་དང་དཔའ་ངར་ཆེན་པོའི་ཐོག་ནས་མཐུན་སྒྲིལ་གཞོཊ་འདེགས་དང་འབད་བརྩོན་ཧུར་ཐག་བྱས་ཏེ་ཉམས་སྣང་དང་ཆུ་ཚད་འགྲན་བསྡུར་བྱས་པ་རེད། སྟོད་ལུང་བདེ་ཆེན་ཆུས་སློབ་གསོ་ཅུས(ལུས་རྩལ་ཅུས)ཀྱི་ལས་དོན་པ་ཝང་ཡོན་གྱིས་སླད་ཕྱིན་གྲོང་གསེབ་ཀྱི་ལུས་རྩལ་བྱ་གཞག་ལ་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་རྣམ་པ་སྣ་ཚོགས་ཀྱི་ལུས་རྩལ་བྱེད་སྒོ་དང་འགྲན་བསྡུར་དེ་བས་མང་བ་གཉེར་རྒྱུ་དང་། ཆབས་ཅིག་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཕུལ་བྱུང་ལུས་རྩལ་ཐོན་ཁུངས་དང་ཉམས་མྱོང་དེ་བས་མང་བ་ནང་འདྲེན་བྱས་ནས་གྲོང་གསེབ་ཀྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社