分享按钮

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ལས་གཏོད་མ་འཇོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་འགའ་ཞིག》པར་འགྲེམས་བྱས་པ།

(པར་ངོས་དང་པོར་མཐུད)གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་གསར་པའི་འདུ་ཤེས་ལག་བསྟར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། བྱ་གཞག་གསར་གཏོད་ཐད་མ་རྩ་བསྡུ་རུབ་དང་། འཇོག་པ། དོ་དམ། ཕྱིར་འཐེན་བཅས་ཀྱི་འབྲེལ་ཐག་ཡོངས་ལ་དམིགས་ནས་སྲིད་ཇུས་ཀྱི་ཁོར་ཡུག་དང་དོ་དམ་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་བ་དང་། བྱ་གཞག་གསར་གཏོད་ཀྱི་མ་འཇོག་ཆེ་རུ་དང་སྟོབས་ཆེར་གཏོང་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ནས་བྱ་གཞག་གསར་གཏོད་ཀྱི་མ་འཇོག་གིས་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་རྩ་དོན་ལྟར་བྱ་གཞག་གསར་གཏོད་ཀྱི་མ་འཇོག་བརྟན་པོ་དང་གཙོ་གནད་ཁྱབ་ཁོངས་ལ་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ནས་ཁེ་ལས་གསར་གཏོད་ཀྱི་བྱེད་པོའི་གནས་བབ་ཆེ་རུ་གཏོང་བ། ཚན་རྩལ་ཅན་གྱི་ཁེ་ལས་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཐོན་སྐྱེད་ནུས་ཤུགས་གསར་པ་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས། འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་དང་ལེགས་ཆ་གསར་པ་གསར་བཞེངས་དང་འཕེལ་རྒྱས་གཏོང་བ་བཅས་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པ་བསྟན་ཡོད།

《སྲིད་ཇུས་དང་བྱེད་ཐབས》ནང་ཕྱོགས་ལྔའི་ཐད་ཀྱི་གཙོ་གནད་བྱེད་ཐབས་ཁ་གསལ་བཏོན་ཡོད་པ་སྟེ། གཅིག་ནི་སྣ་མང་ཅན་གྱི་ལས་གཏོད་ཐད་མ་འཇོག་བྱེད་མཁན་སྐྱེད་སྲིང་བྱེད་དགོས། སྤུས་ཚད་མཐོ་བའི་ལས་གཏོད་མ་འཇོག་གི་སྒྲིག་གཞི་མགྱོགས་མྱུར་སྐྱེད་སྲིང་དང་། ཆེད་ལས་རང་བཞིན་གྱི་ལས་གཏོད་མ་འཇོག་སྒྲིག་གཞི་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ། སྲིད་གཞུང་གིས་མ་དངུལ་བཏང་བའི་ལས་གཏོད་མ་འཇོག་ཐེབས་རྩའི་ནུས་པ་འདོན་སྤེལ་བྱས་ཏེ།རྒྱལ་ཁབ་ཀྱི་མ་རྩའི་ལས་གཏོད་མ་འཇོག་གི་དོ་དམ་ལམ་ལུགས་དོན་འཁྱོལ་དང་འཐུས་ཚང་དུ་གཏོང་དགོས། གཉིས་ནི་ཐབས་ལམ་མང་པོའི་ཐོག་ནས་ལས་གཏོད་མ་འཇོག་གི་ཐོན་ཁུངས་རྒྱ་ཆེར་གཏོང་དགོས། ལས་གཏོད་ལ་མ་དངུལ་འཇོག་པར་ཡུན་རིང་སྐུལ་མ་གཏོང་བ་དང་། རྒྱུ་ནོར་དོ་དམ་སྒྲིག་གཞིས་ལས་གཏོད་ལ་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས་པ། དངུལ་རྩའི་མ་འཇོག་ཀུང་སིའི་ཐད་ཀའི་མ་རྐང་འཇོག་པའི་ཚོད་ལྟ་བྱེད་ཁོངས་རྒྱ་ཆེར་གཏོང་རྒྱུ་དང་། ལས་གཏོད་མ་འཇོག་ཐེབས་རྩའི་ཐོན་རྫས་རིགས་ཕུན་སུམ་ཚོགས་སུ་གཏོང་དགོས་པ། གསུམ་ནི་ལས་གཏོད་མ་འཇོག་ལ་སྲིད་གཞུང་གིས་ཁྲིད་སྟོན་དང་ཁྱད་པར་ཅན་གྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ལས་གཏོད་མ་འཇོག་དང་གསར་གཏོད་ལས་གཏོད་རྣམ་གྲངས་སྦྲེལ་མཐུད་ལམ་སྲོལ་འཛུགས་པ་དང་། ཁེ་བེད་བདག་ཐོབ་ཐོན་ལས་ཅན་དུ་འགྱུར་བའི་ཁེ་ལས་འབྲིང་ཆུང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བའི་འཆར་གཞི་ལག་བསྟར་བྱེད་པ། ལས་གཏོད་མ་འཇོག་ཁེ་ལས་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་ཀྱི་དོན་འཁྱོལ་ཞིབ་ཕྲ་བྱེད་པ་དང་། ལས་གཏོད་མ་འཇོག་ཐེབས་རྩའི་ཁྱད་ཆོས་དང་མཐུན་པའི་ཁྱད་པར་ཅན་གྱི་ལྟ་སྐུལ་དོ་དམ་ལག་བསྟར་བྱས་ནས་ལས་གཏོད་མ་འཇོག་ཕྱི་ཕྱོགས་ལ་སྒོ་དབྱེ་རྒྱ་ཆེར་གཏོང་དགོས་པ། བཞི་ནི་ལས་གཏོད་མ་འཇོག་ཕྱིར་འཐེན་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ལས་གཏོད་མ་དངུལ་ཕྱིར་འཐེན་བྱེད་པའི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་ལས་གཏོད་མ་དངུལ་ཐེབས་རྩ་ཕྱིར་འཐེན་བྱེད་པའི་སྲིད་ཇུས་ལེགས་སུ་གཏོང་དགོས་པ། ལྔ་ནི་ལས་གཏོད་མ་འཇོག་གི་ཁྲོམ་རའི་ཁོར་ཡུག་ལེགས་སུ་གཏོང་དགོས། ལས་གཏོད་མ་འཇོག་ལས་རིགས་འཕེལ་རྒྱས་གཏོང་བའི་ཁོར་ཡུག་ལེགས་སུ་བཏང་ནས་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་དངུལ་རྩའི་ཁོར་ཡུག་ལེགས་པོ་ཞིག་གཏོད་དགོས་པ་བཅས་བསྟན་ཡོད།

《སྲིད་ཇུས་དང་བྱེད་ཐབས》ནང་ས་ཁུལ་ཁག་དང་ཚན་པ་ཁག་གིས་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་ལག་བསྟར་བྱེད་དགོས་པ་དང་། ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གཅིག་གྱུར་བཀོད་སྒྲིག་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ལས་གཏོད་མ་འཇོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཕྲ་བྱ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-21 6 6 拉萨日报藏文 c183125.html 1 རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ལས་གཏོད་མ་འཇོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་འགའ་ཞིག》པར་འགྲེམས་བྱས་པ། /enpproperty-->