分享按钮

ཚེས་གསུམ་ཐང་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་པ།

རྒན་པ་གཅིག་དང་གཞོན་པ་གཅིག་ཅེས་པའི་ཞབས་ཞུ་འཐུས་ཚང་དུ་གཏོང་རྒྱུ་ནི་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན། འདི་ལོའི་ཚུན་དུ།ཉང་བྲན་ཁྲོམ་གཞུང་ཚེས་གསུམ་ཐང་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་ཡོན་དང་མང་ཚོགས་ལ་ཞབས་ཞུ་ཡག་པོ་བྱས་པ་དང་། ལེགས་བསྡུས་ཞིབ་གཉེར་དང་། སྒོ་དབྱེ། མཉམ་སྤྱོད་བཅས་བྱས་ནས་སྲིད་འཛིན་གྱི་བཀག་རྒྱ་གཏོར་བ་དང་སྡེ་ཁུལ་གྱི་སྤྱི་ཚོགས་ཚོགས་པའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་ཏང་འཛུགས་སྐྱོང་དང་ཚོགས་པ་ཟུང་འབྲེལ་གྱི་རྣམ་པ་འཚོལ་ཞིབ་བྱས་པ་དང་། ལས་རིགས་མང་པོ་གཅིག་སྡུད་བྱས་ནས་སྡེ་ཁུལ་དུ་སྐར་མ་15ཡི་ནང་ཚུན་དུ་དམངས་ལ་སྟབས་བདེ་བསྐྲུན་པའི་ཞབས་ཞུའི་ཁྱབ་ཁོངས་བཏོད་ཡོད།

དབྱར་དུས་སུ། སྐྱེ་དངོས་ཐམས་ཅད་ལོ་འདབ་རྒྱས་ཤིང་། ཕྱོགས་གང་སར་སྔོ་ཐིང་ཐིང་དུ་གྱུར་ཡོད། ཉང་བྲན་ཁྲོམ་གཞུང་ཚེས་གསུམ་ཐང་སྡེ་ཁུལ་གྱི་སྒོ་རའི་ནང་སྤྲོ་སྣང་གིས་ཁེངས་ཡོད་པ་སྟེ། ཟླ་6ཚེས་15ཉིན་གྱི་སྔ་དྲོར། ཚེས་གསུམ་ཐང་སྡེ་ཁུལ་གྱི་རྒན་རྒོན་ཟློས་གར་ཚོགས་པས་རྒྱུན་གཏན་གྱི་ནང་སྦྱོང་བྱེད་བཞིན་ཡོད། ཉང་བྲན་ཁྲོམ་གཞུང་ཚེས་གསུམ་ཐང་སྡེ་ཁུལ་གྱི་རྒན་རྒོན་ཟློས་གར་ཚོགས་པའི་རུ་དཔོན་ལིན་ཡུས་ལན་གྱིས་སྡེ་ཁུལ་གྱིས་སྡེ་ཁུལ་གྱི་རྒན་རྒོན་ཟློས་གར་ཚོགས་པར་རང་ཉིད་ངོམ་སྟོན་བྱེད་པའི་ལས་སྟེགས་ཤིག་མཁོ་འདོན་བྱས་པར་མ་ཟད། ད་དུང་ཁོངས་གཏོགས་ཁུལ་གྱི་གྲོང་མི་མང་ཚོགས་དེ་གར་བྱེད་སྒོ་སྣ་ཚོགས་ནང་ཞུགས་རྒྱུར་སྟབས་བདེ་བསྐྲུན་ནས་ང་ཚོའི་བདེ་སྐྱིད་སྟོན་གྲངས་ལོ་བསྟུད་མར་མཐོ་རུ་བཏང་ཡོད་ཅེས་བཤད།

ནང་སྦྱོང་མཇུག་འགྲིལ་རྗེས། ཚང་མ་སྡེ་ཁུལ་གྱི་མཉམ་སྤྱོད་ཟ་ཁང་དུ་ཕྱིན་ནས་སྒོ་འགྲམ་གྱི་ཟས་རིགས་ལ་ལོངས་སུ་སྤྱད། མཉམ་སྤྱོད་ཟ་ཁང་དེ་ཉང་བྲན་ཁྲོམ་གཞུང་ཚེས་གསུམ་ཐང་སྡེ་ཁུལ་ཨུ་ཡོན་ལྷན་ཁང་གི་གཞོགས་སུ་གནས་པ་དང་ས་ཁྱོན་ལ་སྨི་ངོས་གྲུ་220ཙམ་ཟིན་གྱི་ཡོད་པ་དང་། ཁྱོན་གསོལ་ལྕོག་22ཡོད་པས་དུས་གཅིག་ཏུ་མི་100ལྷག་ཙམ་ཟ་མ་ཟ་ཐུབ་ཀྱི་ཡོད། ཟ་མ་ཟ་བའི་ཁོར་ཡུག་རྒྱ་ཆེ་ལ་དཀར་ཆ་དོད་པ་དང་ཟས་རིགས་ཀྱི་བྲོ་བ་ཞིམ་པོ་ཡོད། ཉིན་གུང་གི་ཆུ་ཚོད་1ལ་ཉེ་བའི་སྐབས་སུ། ཟ་མ་ཟ་བར་ཡོང་བའི་རྒན་རྒོན་རྣམས་གཅིག་རྗེས་གཉིས་མཐུད་ངང་ཟ་ཁང་དུ་སླེབས་པ་དང་། ཚང་མས་དལ་ལྷོད་ངང་ཟ་མ་ཟ་བཞིན་ཡོད་པ་དང་ཟ་ཁང་ཧྲིལ་པོར་དྲོ་སྐྱིད་ལྡན་པའི་རྣམ་པས་ཁེངས། གྲོང་མི་རྣ་ཐོས་འདི་ལོ་ང་ཚོའི་སྡེ་ཁུལ་དུ་རྒན་རྒོན་ཟ་ཁང་བཙུགས་པ་དང་།དེའི་ནང་ཟ་མའི་གཙང་སྦྲ་ལེགས་པར་མ་ཟད།ཟས་སྣ་འཛོམས་པོ་འདུག སྡེ་ཁུལ་གྲོང་མི་ཨུ་ལྷན་གྱིས་ང་ཚོར་ཆ་རྐྱེན་ཡག་པོ་འདི་འདྲ་ཞིག་བསྐྲུན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།

དེ་དང་ཆབས་ཅིག་ཉང་བྲན་ཁྲོམ་གཞུང་ཚེས་གསུམ་ཐང་སྡེ་ཁུལ་གྱིས་ནོར་ནོར་བྱིས་པའི་དཔེ་ཁང་དང་བོད་ལྗོངས་སྐར་འོད་སྡེ་ཁུལ་ལས་དོན་ཞབས་ཞུའི་ལྟེ་གནས་ཚོགས་པའི་ཐོན་ཁུངས་བསྡུ་སྒྲིལ་ཧུར་ཐག་བྱས་ནས་ཕ་མ་བུ་ཕྲུག་གི་དུས་ཚོད་ཁང་ཞེས་པ་བཏོད་དེ་དཔེ་ཀློག་འབྲེལ་ཐག་ཏུ་བྱས་ཏེ་ཆེད་ལས་དང་སྟབས་བདེ་བའི་མངགས་བཅོལ་བྱིས་སྐྱོང་དང་ཟུར་ཁྲིད་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་གྲོང་མིར་དཔེ་ཀློག་ལ་དགའ་བའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད། ཚེས་གསུམ་ཐང་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའུ་ཡི་ཧྲུའུ་ཅི་དང་པོ་བསྟན་འཛིན་སྒྲོལ་དཀར་གྱིས་འདི་ལོའི་ཚུན་དུ། ཚེས་གསུམ་ཐང་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་གྲོང་ཨུད་དང་ཁྲེང་ཀོན་ཆུས་ཨུད་ཀྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་ཤུགས་ཆེན་གཏོང་བའི་བླང་བྱ་གཞིར་བཟུང་། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱས་པ་བརྒྱུད། ཏང་འཛུགས་སྐྱོང་དང་ཚོགས་པ་ཟུང་འབྲེལ་གྱི་རྣམ་པ་གཞིར་བཟུང་། དགའ་ཕྱོགས་ཚོགས་པ་འཛུགས་པ་དང་། བེད་སྤྱོད་ཡག་པོ་བྱེད་པ། བེད་སྤྱོད་མཁས་པོ་བྱས་ཏེ་ཐོག་མར་རྒྱུས་མངའ་མེད་པའི་ཁྱིམ་མཚེས་དེ་མཛའ་མཐུན་གྱི་ཁྱིམ་མཚེས་སུ་འགྱུར་བ་དང་རྒྱུས་མངའ་མེད་པའི་མི་རྒྱུས་མངའ་ཡོད་པའི་མི་རུ་འགྱུར་བར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། སྡེ་ཁུལ་གྱི་ངོས་འཛིན་དང་ཁོངས་གཏོགས་ཀྱི་བསམ་པ། དེ་བཞིན་སྤྱི་ཚོགས་ནང་ཞུགས་པའི་བསམ་པར་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་དྲོ་སྐྱིད་ལྡན་པ་དང་། གོ་རིམ་ལྡན་པ། འཆམ་མཐུན། མཉམ་སྤྱོད་བཅས་ཀྱི་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་ཞིག་བཏོད་ཡོད་ཅེས་བཤད།

གཞན་ཡང་ཚེས་གསུམ་ཐང་སྡེ་ཁུལ་གྱིས་ཀོག་ཧྥེའི་སྲན་མ་རྡོག་གཅིག་ཞེས་པའི་ཀོག་ཧྥེ་ཁང་དང་བག་ལེབ་སོབ་སོབ་ཚོང་འདུས་ཞེས་པའི་ཚོགས་པ་དང་མཉམ་འབྲེལ་བྱས་ནས་སྡེ་ཁུལ་གྱི་དཔེ་ཁང་དང་ཀོག་ཧྥེ་ཁང་མཉམ་དུ་བཏོད་པས་ཏང་ཡོན་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་སྐར་ཁུང་ཞིག་བཀོད་སྒྲིག་བྱས་པར་མ་ཟད། གྲོང་མི་དང་འབྲེལ་མཐུད་དང་སྡེ་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཐག་གལ་ཆེན་ཞིག་ཏུའང་གྱུར་ཡོད།སྡེ་ཁུལ་གྱི་དཔེ་ཁང་དང་ཀོག་ཧྥེ་ཁང་དུ་སྐྱོད་སྐབས་ཀོག་ཧྥེའི་དྲི་ཞིམ་འཐུལ་ཞིང་། གྲོང་མིས་གཉིས་གསུམ་ཀོག་ཧྥེར་ལོངས་སུ་སྤྱོད་ཞོར་དུ་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་ཡོད། ལས་གཉེར་བ་ལྷ་མོས་ང་ཚོའི་ཀོག་ཧྥེ་ཁང་འདི་ཚེས་གསུམ་ཐང་སྡེ་ཁུལ་གྱི་ཚོགས་པའི་རྩ་འཛུགས་ཤིག་ཡིན་པའི་ངོས་ནས་འདི་ལོའི་ཟླ་6ཚེས་1ཉིན་ནས་བཟུང་ཚེས་གསུམ་ཐང་སྡེ་ཁུལ་དུ་བཙུགས་ནས་ཡུལ་མི་མང་ཚོཊ་ལ་བྲོ་བ་ཞིམ་པའི་ཀོག་ཧྥེ་དང་བག་ལེབ་སོབ་སོབ་མཁོ་འདོན་བྱེད་པ་དང་ཆབས་ཅིག་ཁོར་ཡུག་སྐྱིད་སྣང་དོད་པའི་ངལ་གསོ་རྒྱག་ཡུལ་ཡང་མཁོ་འདོན་བྱས་ཡོད་ཅེས་བཤད།

རྗེས་མར། ཚེས་གསུམ་ཐང་སྡེ་ཁུལ་གྱིས་སྤྱི་ཚོགས་དང་དམངས་འཚོ་འཕེལ་རྒྱས་ཀྱི་དུས་བབ་གསར་པ་དང་བསྟུན་ནས་བརྩེ་སེམས་དང་། འགན་འཁྲི། ཐབས་ཤེས་བཅས་ཀྱི་ཐོག་ནས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་ངལ་བསལ་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཟབ་པ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་སྣང་སྔར་བས་འགན་ལེན་ཐུབ་པ་བཅས་ཧུར་ཐག་བྱ་རྒྱུ་ཡིན་པ་རེད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-21 6 6 拉萨日报藏文 c183122.html 1 ཚེས་གསུམ་ཐང་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་པ། /enpproperty-->