ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ད་ལོའི་ཟླ་6ཚེས་1ཉིན། རང་གྲོང་གིས་དཔལ་འབྱོར་ལ་སྐུལ་འདེད་དང་། དམངས་འཚོར་ཕན་པ། ཁེ་ལས་ལ་རོགས་སྐྱོར་བཅས་བྱེད་པའི་སྲིད་ཇུས་དོན་ཚན་8ཁྱབ་བསྒྲགས་བྱས་རྗེས། འབྲེལ་ཡོད་ཚན་པ་ཁག་གིས་དེ་མཚུངས་ཀྱི་ལག་བསྟར་ཞིབ་སྲོལ་ཞིབ་འཇུག་ཧུར་ཐག་བྱས་ནས་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་ཐུབ་པའི་འགན་ལེན་བྱས་པ་རེད། ཟླ་6ཚེས་19ཉིན་གྱི་ཕྱི་དྲོར། ལྷ་ས་གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་གྲོང་ཁྱེར་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་དང་། གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས། གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས། གྲོང་ཁྱེར་འགྲིམ་འགྲུལ་ཅུས། གྲོང་ཁྱེར་ཚོང་དོན་ཅུས། གྲོང་ཁྱེར་ནོར་སྲིད་ཅུས། གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས། གྲོང་ཁྱེར་དཔལ་འབྱོར་ཆ་འཕྲིན་ཅུས་བཅས་ཀྱི་གསར་འགྱུར་མགྲིན་ཚབ་པས་རང་གྲོང་གི《དཔལ་འབྱོར་ལ་སྐུལ་འདེད་དང་། དམངས་འཚོར་ཕན་པ། ཁེ་ལས་ལ་རོགས་སྐྱོར་བཅས་བྱེད་པའི་སྲིད་ཇུས་དོན་ཚན་བརྒྱད》ལ་གསལ་འགྲེལ་བྱས་པ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།
མིག་སྔར། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དེ་མགྱོགས་མྱུར་ངང་གོང་དུ་འཕེལ་བ་ནས་སྤུས་ཚད་མཐོ་བའི་ཕྱོགས་སུ་འཕེལ་བའི་རྣམ་པར་བསྒྱུར་བའི་དུས་རིམ་དུ་གནས་ཡོད་ལ། འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་གཏོང་བ་དང་། དཔལ་འབྱོར་གྲུབ་ཚུལ་ལེགས་སུ་གཏོང་བ། འཕར་སྣོན་གྱི་སྒུལ་ཤུགས་བརྗེ་སྒྱུར་བཅས་ཀྱི་འགག་སྒྲོལ་དུས་སྐབས་སུ་ཡང་གནས་ཡོད། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་འཕོ་འགྱུར་དང་། ལས་ཆོད་སྒྱུར་བཅོས། སྒུལ་ཤུགས་འཕོ་འགྱུར་བཅས་ཡོང་བར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་ཁེ་ལས་འཕེལ་རྒྱས་དང་། མང་ཚོགས་ཀྱི་དགོས་མཁོར་འགྱུར་ལྡོག་འབྱུང་བཞིན་ཡོད་པས། དམངས་འཚོ་ལེགས་བཅོས་དང་། ཁེ་ལས་ཀྱི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། སྲིད་གཞུང་དང་ཁེ་ལས་མཉམ་འགུལ་གྱིས་དཔལ་འབྱོར་རྒྱུན་མཐུད་ངང་འཕར་བའི་རྣམ་པ་བཟང་པོར་སྐུལ་འདེད་གཏོང་བཞིན་ཡོད། རང་གྲོང་གིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག《དཔལ་འབྱོར་ལ་སྐུལ་འདེད་དང་། དམངས་འཚོར་ཕན་པ། ཁེ་ལས་ལ་རོགས་སྐྱོར་བཅས་བྱེད་པའི་སྲིད་ཇུས་དོན་ཚན་བརྒྱད》ཞིབ་འཇུག་བྱས་ཡོད། སྲིད་ཇུས་དེས་ཐོན་ལས་འཕར་རྒྱུར་སྐུལ་འདེད་ཐེངས་གསུམ་གཏོང་རྒྱུ་དམིགས་སར་བྱས་ནས་ཐོན་སྐྱེད་དང་དགོས་མཁོ་ཕྱོགས་གཉིས་ཀར་ཤུགས་སྣོན་བརྒྱབ་སྟེ། ཞིང་ལས་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། བཟོ་ལས་ཀྱི་ཐོན་སྐྱེད་བརྟན་པོའི་ངང་ཐོན་འཕར་ཡོང་བར་སྐུལ་འདེད་གཏོང་བ། ཚོང་ཟོག་འཛད་སྤྱོད་ཀྱི་འཛིན་ཤོག་སྤྲོད་པ། སྡོད་ཁང་གི་དགོས་མཁོ་ལེགས་སུ་གཏོང་བ། རླངས་འཁོར་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ། ཁྱིམ་ཆས་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ། ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། ཁྲོམ་རའི་བྱེད་པོ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་བཅས་ཀྱི་ཐད་ཞིབ་ཕྲའི་ཁ་གསབ་སྲིད་ཇུས་ཁག་8དང་དོན་ཚན་23བཟོས་ཡོད།
ཞིང་ལས་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བའི་སྲིད་ཇུས་ནང་། ཞིང་ལས་ཐོན་སྐྱེད་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཞུ་དང་། ཞིང་དུད་ཀྱིས་ནས་འཚོང་བ། དེ་བཞིན་འོ་མ་སོས་པ་ཉོ་སྒྲུབ་བཅས་ཞིང་པ་དང་དམངས་ལ་ཕན་པའི་སྲིད་ཇུས་ཁག་གསུམ་ཚུད་ཡོད་པ་རེད། ཞིང་ལས་ཐོན་སྐྱེད་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་སྲིད་ཇུས་ནི་འབྲུ་རིགས་བསྡུ་བར་མུའུ་རེར་སྒོར་40ཡི་ཁ་གསབ་བྱེད་པའི་ཚད་གཞི་གཞིར་བཟུང་། ལྷུ་ཚིགས་རྐྱང་པའི་ཞིང་ལས་ཐོན་སྐྱེད་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྒྱ་ཁྱོན་མུའུ་ཁྲི་20ལེགས་གྲུབ་བྱས་ནས་སུས་འབྲུ་རིགས་འདེབས་པ་དང་། ཇི་ལྟར་བྱས་ནས་འབྲུ་རིགས་ཡག་པོ་འདེབས་པའི་ཐབས་ལམ་ཐག་གཅོད་ནུས་ལྡན་བྱས་ཏེ། ཞིང་ལས་འཕྲུལ་ཆས་གཉེར་སྐྱོང་བྱེད་མཁན་གྱིས་ཞིང་དུད་ཆུང་གྲས་ལ་དེ་བས་ཆེད་ལས་ཅན་དང་། ཚན་རིག་ཅན། ཕན་འབྲས་ཅན་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས། ཞིང་དུད་ཆུང་གྲས་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་བྱས་ཏེ། གླ་ཕོགས་རང་བཞིན་གྱི་ཡོང་འབབ་མང་དུ་གཏོང་རྒྱུ། ནས་ཕྱིར་ཚོང་གི་སྲིད་ཇུས་ནི་ཞིང་དུད་ཀྱིས་ཁེ་ལས་སམ་ཡང་ན་མཉམ་ལས་ཁང་ལ་ནས་ཕྱིར་ཚོང་བྱེད་པ་དང་། ཞིང་དུད་ཀྱིས་རྒྱ་མ་200(རྒྱ་མ་200ཚུད་པ)ཡན་ཕྱིར་ཚོང་བྱས་ཚེ། ནས་རྒྱ་མ་རེར་སྒོར་0.3(ཏུན་རེར་སྒོར་600)ཁ་གསབ་སྤྲད་ནས་ས་གནས་དེ་གའི་ནས་ཚོང་ཟོག་ཅན་དུ་འགྱུར་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ། ཞིང་འབྲོག་པའི་ཡོང་འབབ་རྒྱུན་མཐུད་ངང་འཕར་བ་དང་ནས་ལས་སྣོན་གཉེར་སྐྱོང་བྱེད་མཁན་གྱི་མ་རྩ་ཆག་ནས་ཕན་འབྲས་འཕར་བར་བྱས་ཏེ་ཕྱོགས་གཉིས་ཀར་ཕན་ཁེ་ཡོད་པར་བྱ་རྒྱུ་དང་། འོ་མ་སོས་པ་ཉོ་སྒྲུབ་ཀྱི་སྲིད་ཇུས་ནི་འོ་ཆུ་ལས་སྣོན་ཁེ་ལས་ཀྱིས་ས་གནས་དེ་གའི་འོ་མ་སོས་པ་ཉོ་སྒྲུབ་བྱེད་པར་རྒྱབ་སྐྱོར་བྱས་ནས་ལས་སྣོན་བྱེད་ཚད་ཆེ་རུ་གཏོང་རྒྱུ་དང་། འོ་མ་སོས་པ་ཏུན་1ཉོ་སྒྲུབ་བྱེད་པར་སྒོར་2000ཁ་གསབ་སྤྲོད་རྒྱུ་དང་། ཉོ་སྒྲུབ་ཀྱི་གཞི་ཁྱོན་ཏུན་5000ཟིན་ནས་གསོ་སྤེལ་བྱེད་མཁན་གྱིས་འོ་མ་འཚོང་དཀའ་བའི་གནད་དོན་ཐག་གཅོད་བྱས་ཏེ། ཕྱིར་ཚོང་ལ་བརྟེན་ནས་གསོ་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ཕྱིར་ཚོང་ལ་བརྟེན་ནས་འཕར་སྣོན་ལ་སྐུལ་འདེད་བཏང་ནས། ལྷ་སའི་ས་གནས་དེ་གའི་འོ་མ་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་མུ་མཐུད་ནས་སྐུལ་འདེད་གཏོང་རྒྱུ་དེ་རེད། སྲིད་ཇུས་དེ་གསུམ་གྱི་ཁ་གསབ་སྤྲོད་པའི་དུས་ཚོད་ནི་2024ལོའི་ཟླ་6ཚེས་1ཉིན་ནས་2024ལོའི་ཟླ་12ཚེས་31ཉིན་བར་རམ་ཡང་ན་ཁ་གསབ་མ་དངུལ་བེད་སྤྱོད་བྱེད་ཚར་བའི་བར་ཡིན་པ་རེད།
བཟོ་ལས་ཀྱི་ཐོན་སྐྱེད་བརྟན་པོ་དང་ཐོན་འཕར་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ནང་། བཟོ་ལས་ཁེ་ལས་ཀྱི་ཐོན་སྐྱེད་དང་ཕན་འབྲས་ཆེ་རུ་གཏོང་བར་བྱ་དགའ་སྤྲོད་པ་དང་། གཙོ་གནད་བཟོ་ལས་ཀྱི་བར་གྱི་ཐོན་རྫས་ཉོ་སྒྲུབ་བྱེད་མཁན་ལ་རོགས་སྐྱོར་བྱེད་པ། བཟོ་ལས་ཐོན་རྫས་བོད་ནས་ཕྱིར་ཐོན་མཁན་ལ་ཁ་གསབ་སྤྲོད་རྒྱུ་བཅས་ཁེ་ལས་ལ་ཕན་པའི་རོགས་སྐྱོར་སྲིད་ཇུས་ཁག་གསུམ་ཚུད་ཡོད། བཟོ་ལས་ཁེ་ལས་ཀྱི་ཐོན་སྐྱེད་འཕར་སྣོན་དང་ཕན་འབྲས་ཆེ་རུ་གཏོང་བའི་བྱ་དགའ་ནི་བཟོ་ལས་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་དུས་ཚིགས་དེར་དུས་མཚུངས་ལས་སྒོར་ཁྲི་500ནས་ཁྲི་1000བར་འཕར་བའམ་ཡང་ན་དུས་མཚུངས་ལས་བརྒྱ་ཆ་15ནས་20བར་འཕར་བར་ཐེངས་གཅིག་ལ་བྱ་དགའ་སྒོར་ཁྲི་20སྤྲོད་རྒྱུ་དང་། ཐོན་རྫས་རིན་ཐང་སྤྱིའི་བསྡོམས་འབོར་དུས་ཚིགས་དེར་དུས་མཚུངས་ལས་སྒོར་ཁྲི་1000ཡན་འཕར་བའམ་ཡང་ན་དུས་མཚུངས་ལས་བརྒྱ་ཆ་20ཡན་འཕར་བའི་རིགས་ལ་ཐེངས་གཅིག་ལ་སྒོར་ཁྲི་30བྱ་དགའ་སྤྲོད་རྒྱུ། གཙོ་གནད་བཟོ་ལས་ཀྱི་བར་གྱི་ཐོན་རྫས་ཉོ་སྒྲུབ་ཀྱི་ཆེད་དོན་རོགས་སྐྱོར་ནི་ཁེ་ལས་ཀྱིས་དུས་ཚིགས་དེར་ཉོ་སྒྲུབ་བྱེད་ཚད་སྒོར་ཁྲི་60ཡན་ཟིན་པའི་རིགས་ལ་ཐེངས་གཅིག་ལ་བྱ་དགའ་སྒོར་ཁྲི་10སྤྲོད་རྒྱུ་དེ་ཡིན། བཟོ་ལས་ཁེ་ལས་ཀྱི་ཐོན་རྫས་བོད་ནས་ཕྱིར་ཐོན་པའི་སྐྱེལ་འདྲེན་གྱི་ཁ་གསབ་ནི་བཟོ་ལས་ཁེ་ལས་ཀྱི་ཐོན་རྫས་ལོ་འཁོར་གྱི་དངོས་ཡོད་སྐྱེལ་འདྲེན་སྒོར་ཁྲི་20ནས་ཁྲི་100བར་དང་། སྒོར་ཁྲི་100ཡན་ནས་སྒོར་ཁྲི་200བར། སྒོར་ཁྲི་200ཡན་ནས་སྒོར་ཁྲི་300བར་བཅས་ཡིན་ཞིང་། ཁག་སོ་སོར་བོད་ནས་ཕྱིར་ཐོན་པའི་དངོས་ཡོད་སྐྱེལ་འདྲེན་གྱི་བརྒྱ་ཆ་20དང་། 30 40བཅས་ཁ་གསབ་བྱ་རྒྱུ་དེ་རེད། ཁེ་ལས་ལ་ཕན་པ་ཡོད་པའི་རོགས་སྐྱོར་སྲིད་ཇུས་ཁག་གསུམ་པོ་དེ་ལག་བསྟར་བྱེད་པའི་དུས་ཚད་ནི་2024ལོའི་ཟླ་6ཚེས་1ཉིན་ནས་2024ལོའི་ཟླ་12ཚེས་31ཉིན་བར་ཡིན་པ་རེད།
ཚོང་ཟོག་འཛད་སྤྱོད་ཀྱི་འཛིན་ཤོག་སྤྲོད་པའི་སྲིད་ཇུས་ནང་། སིལ་ཚོང་འཛད་སྤྱོད་ཀྱི་འཛིན་ཤོག་སྤྲོད་པ་དང་། སྒོར་200འཛད་སྤྱོད་བྱས་ཚེ་སྒོར་60ཁ་གསབ་སྤྲོད་རྒྱུ་དང་། སྒོར་300འཛད་སྤྱོད་བྱས་ཚེ་སྒོར་100ཁ་གསབ་སྤྲོད་རྒྱུ། སྒོར་500འཛད་སྤྱོད་བྱས་ཚེ་200ཁ་གསབ་སྤྲོད་རྒྱུ། སྒོར་1000འཛད་སྤྱོད་བྱས་ཚེ་སྒོར་500ཁ་གསབ་སྤྲོད་རྒྱུ་དང་། ཆེད་དོན་འཛད་སྤྱོད་འཛིན་ཤོག་སྤྲོད་རྒྱུ་དང་། གཏན་འཁེལ་ཟས་རིགས་དང་། བཏུང་བྱ། ཉེར་མཁོའི་དངོས་རྫས་བཅས་བྲིན་སྐུལ་བྱེད་པ་བཅས་ཀྱི་ཁ་གསབ་སྲིད་ཇུས་ཁག་གཉིས་ཚུད་ཡོད་པ་རེད། (པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社