ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་རིང་ཁྲེང་ཀོན་ཆུས་ཚོང་དོན་ཅུས་ཀྱིས་བྱེད་ཐབས་མང་པོ་སྤྱད་དེ་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་ལ་སྐུལ་འདེད་དང་། དམངས་འཚོར་ཕན་པ། ཁེ་ལས་ལ་རོགས་སྐྱོར་བཅས་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱས་ནས་རླངས་འཁོར་འཛད་སྤྱོད་ཁྲོམ་ར་དར་རྒྱས་དང་ནང་མཁོ་རྒྱ་ཆེར་གཏོང་རྒྱུར་སྔར་བས་སྐུལ་འདེད་བཏང་ནས་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་པ་རེད། གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་པ་དེས་ཁྲེང་ཀོན་ཆུས་ཀྱི་རླངས་འཁོར་ཕྱིར་ཚོང་བྱེད་ཚད་འཕར་རྒྱུར་སྐུལ་ཁྲིད་བྱས་པ་དང་དུས་མཚུངས་རླངས་འཁོར་ཉོ་མཁན་ལ་སྲིད་ཇུས་ཀྱི་ཁེ་ཕན་དངོས་གནས་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།
ཟླ་6ཚེས་18ཉིན། གསར་འགོད་པས་འཚམས་འདྲི་བྱེད་རིང་རང་གྲོང་གི་རླངས་འཁོར་ཕྱིར་ཚོང་ཀུང་སི་ཞིག་གི་རླངས་འཁོར་ཉོ་སའི་ཚོམས་ཆེན་ནང་བློ་འདྲི་དང་། རླངས་འཁོར་ཉོ་བ། རླངས་འཁོར་ལ་ཚོད་ལྟ་བཅས་བྱེད་པར་ཡོང་བའི་གྲོང་མི་མང་ཚོགས་མང་པོ་ཡོད་པ་དང་།ཕྱིར་ཚོང་པས་རླངས་འཁོར་ཉོ་བར་ཡོང་བའི་སྐུ་མགྲོན་ལ་རླངས་འཁོར་སྣ་ཚོགས་ངོ་སྤྲོད་བྱེད་བཞིན་ཡོད་པ་མཐོང་བྱུང་། རླངས་འཁོར་ཕྱིར་ཚོང་ཀུང་སིའི་འགན་འཁུར་བ་ཀྲའོ་ཆང་གིས་ཟླ་6ཚེས་1ཉིན། ལྷ་ས་གྲོང་ཁྱེར་གྱིས་རླངས་འཁོར་ཉོ་སྒྲུབ་ཀྱི་ཁ་གསབ་སྲིད་ཇུས་བཏོན་ནས་རིན་གོང་མི་འདྲ་བའི་རླངས་འཁོར་ལ་དམིགས་ནས་རླངས་འཁོར་ཁ་གསབ་མཐོ་ཤོས་སུ་སྒོར་ཁྲི་2སྤྲད་པས་རླངས་འཁོར་ཕྱིར་ཚོང་བྱེད་པར་སྔར་བས་སྐུལ་འདེད་བཏང་ཡོད། མིག་སྔའི་བར་ང་ཚོའི་ཀུང་སིས་རླངས་འཁོར་200ཕྱིར་ཚོང་བྱས་པ་དང་དེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ་50འཕར་ཡོད་ཅེས་བཤད།
ཉེ་བའི་ལོ་ཤས་རིང་གོང་ནས་འོག་བར་གྱི་རིམ་ཁག་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་པ་དང་དེའི་ཁར་གློག་གསོག་ཕུར་པ་སོགས་མཁྲེགས་ཆས་ཆ་ཚང་མང་དུ་ཕྱིན་པའམ་འཐུས་ཚང་དུ་སོང་བ་དང་བསྟུན་ནས་ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་ཚོང་བྱེད་ཚད་མགྱོགས་སུ་ཕྱིན་ནས་ནུས་རྒྱུ་གསར་པའི་རླངས་འཁོར་ལ་གྲོང་མི་དེ་བས་མང་བས་དགའ་པོ་བྱེད་ཀྱི་ཡོད་པ་རེད། ལྷ་ས་གྲོང་ཁྱེར་གྱིས་རླངས་འཁོར་ཉོ་སྒྲུབ་ཀྱི་ཁ་གསབ་སྲིད་ཇུས་བཏོན་རྗེས།ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་ཚོང་གི་ཁྲོམ་རར་ཚོང་འགྲུལ་མང་པོ་ཐོན་པར་མ་ཟད། གྲོང་མིའི་རླངས་འཁོར་ཉོ་བའི་འདོད་པ་ཡང་ཆེ་རུ་ཕྱིན་ཡོད།
རླངས་འཁོར་ལེན་པར་ཡོང་བའི་གྲོང་མི་མཁྱེན་ལྡན་མ་ཀྲང་ལསག་ཀྱིས་ངས་ཉོས་པའི་རླངས་འཁོར་དེའི་ཐོག་མའི་རིན་གོང་སྒོར་169800རེད། སྲིད་གཞུང་གི་ཁ་གསབ་བརྒྱུད་ངས་སྒོར་149800ཡི་རིན་གོང་ཐོག་ནས་རླངས་འཁོར་དེ་ཉོས་པ་ཡིན། སྲིད་གཞུང་གིས་དམངས་ལ་ཕན་པའི་བྱེད་སྒོ་འདི་འདྲ་སྤེལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱ་ཆེའི་འཛད་སྤྱོད་པར་སྲིད་ཇུས་ཀྱི་ཁེ་ཕན་དངོས་གནས་ལོངས་སྤྱོད་བྱ་རྒྱུ་བྱུང་ཡོད་ཅེས་བཤད།
ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་ལ་སྐུལ་འདེད་དང་།དམངས་འཚོར་ཕན་པ། ཁེ་ལས་ལ་རོགས་སྐྱོར་བཅས་བྱེད་པའི་སྲིད་ཇུས་དོན་ཚན་8ལག་བསྟར་བྱེད་རིང་།རླངས་འཁོར་ཉོ་འདོད་ཡོད་པའི་གྲོང་མི་མང་ཚོགས་ཀྱིས་མཉམ་ལས་སྟེགས་བུའི་ཐོག་ཁ་ཆད་བྱས་ནས་མཐར་འཛད་སྤྱོད་དཔང་ཡིག་དང་རླངས་འཁོར་ཉོ་བའི་དཔྱད་གཞིའི་ཡིག་རིགས་གཞི་འཛིན་སར་བྱས་ཏེ་ཁ་གསབ་རེ་ཞུ་བྱེད་ཆོག་ལ་རླངས་འཁོར་ཉོ་སྒྲུབ་བྱས་རྗེས་རླངས་འཁོར་ཉོ་བའི་དཔང་ཡིག་ཐོག་ནས་ཐད་ཀར་ཁ་གསབ་རེ་ཞུ་བྱེད་ཆོག་གི་ཡོད་པ་རེད།
ཁྲེང་ཀོན་ཆུས་དཔལ་འབྱོར་ཆ་འཕྲིན(ཚོང་དོན)ཅུས་ཀྱི་ཅུས་ཀྲང་བསྟན་འཛིན་ཆོས་སྒྲོན་གྱིས་ཟླ་6ཚེས་1ཉིན་ནས་བཟུང་།ཁྲེང་ཀོན་ཆུས་ཀྱིས་སྒོར་ཁྲི་3300བཏང་ནས་རླངས་འཁོར་དང་། ཁྱིམ་སྤྱོད་གློག་ཆས། ཚོང་ལས་བྲིན་ཚོང་རིགས་ཀྱི་ཀུན་སྤྱོད་འཛིན་ཤོག་བཅས་ཚུད་པའི་བྲིན་ཚོང་བྱེད་སྒོ་རེས་སྐོར་ཐེངས་5སྤེལ་བ་དང་།ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ཟླ་6ཚེས་1ནས་ཚེས་8ཉིན་བར་རླངས་འཁོར་བྲིན་ཚོང་ཁོ་ནར་ང་ཚོས་སྒོར་ཁྲི་2000བཏང་བ་དང་།མིག་སྔར་རིམ་རྩིས་བྱས་ན་རླངས་འཁོར་1140ཕྱིར་ཚོང་བྱས་ནས་འཛད་སྤྱོད་སྒོར་དུང་ཕྱུར་1.4ལ་སྐུལ་ཁྲིད་བྱས་ཡོད་ཅེས་བཤད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社