ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། འདི་ལོའི་ཟླ་6པ་ནི་རྒྱལ་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཟླ་བ་ཨང་23པ་དེ་ཡིན་ཞིང་། བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་སྔར་བས་སྲ་བརྟན་དུ་གཏོང་བ་དང་། ཐོན་སྐྱེད་བདེ་འཇགས་ཀྱི་འགན་འཁྲི་སྲ་བརྟན་དུ་གཏོང་བ། བདེ་འཇགས་དམར་ཐིག་གི་འདུ་ཤེས་རྒྱུན་མཐུད་ངང་འཛུགས་པ། དམངས་ཡོངས་ཀྱི་བདེ་འཇགས་འདུ་ཤེས་དང་དོགས་ཟོན་གྱི་ནུས་པ་བཅས་གོང་མཐོར་གཏོང་ཆེད། ཉེ་ཆར།སྟོད་ལུང་བདེ་ཆེན་ཆུས་ཀྱིས“མི་ཚང་མས་བདེ་འཇགས་ལ་སྣང་ཆེན་དང་མི་ཚང་མས་འཕྲལ་སྡོམ་ཤེས་པའི་ཚེ་སྲོག་གི་བགྲོད་ལམ་ཤར་གཏོང་བྱེད”ཅེས་གཙོ་དོན་དུ་བྱས་ནས་2024ལོའི་ཐོན་སྐྱེད་བདེ་འཇགས་ཟླ་བའི་བྱེད་སྒོ་སྤེལ་ཡོད།
བྱེད་སྒོའི་ཁྲོད་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཐད་གཏོགས་ཚན་པ་ཁག་དང་། གྲོང་རྡལ(ཁྲོམ་གཞུང) གྲོང་ཚོ(སྡེ་ཁུལ)བཅས་ཁག་གི་འབྲེལ་ཡོད་འགན་འཁུར་བ་དང་།ཁོངས་གཏོགས་ཁུལ་གྱི་ཁེ་ལས་དང་། སློབ་གྲྭ མང་ཚོགས་བཅས་ཀྱི་འཐུས་མི་ཁྱོན་མི་160ལྷག་ཙམ་གྱིས་རྒྱལ་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཟླ་བ་གཙོ་དོན་དུ་བྱས་པའི་དྲིལ་བསྒྲགས་གློག་བརྙན《ཚེ་སྲོག་གི་བགྲོད་ལམ་ཤར་གཏོང་བྱེད》ཅེས་པར་མཉམ་དུ་བལྟས་ཤིང་། དོན་རྐྱེན་གྱི་གྱོད་དཔེར་བལྟས་ནས་ཉེན་བརྡ་བཏང་བ་བརྒྱུད།ཚང་མས་ཐོན་སྐྱེད་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱེད་ཤུགས་ཆེ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག་ཡུལ་དངོས་སུ་ད་དུང་བདེ་འཇགས་སྒྲིག་ཆས་ལ་ཉམས་ལེན་དང་།བདེ་འཇགས་ཤེས་བྱའི་བློ་འདྲི། བདེ་འཇགས་ཤེས་བྱའི་དྲི་བར་ལན་འདེབས་པ་སོགས་ཀྱི་ནང་དོན་བཀོད་སྒྲིག་བྱས་ཡོད། དེ་སྔ་དང་མི་འདྲ་བར་འདི་ལོ་ཁང་པའི་ཕྱི་རོལ་དུ་ཞག་ཁྲོད་ནས་སྲོག་ཉེན་ལས་ཐར་ཐབས་ཀྱི་དངོས་ལྗོངས་ཉམས་ལེན་ཁུལ་དམིགས་བསལ་དུ་བཙུགས་ཡོད་པས་ཚང་མས་དངོས་སུ་ཉམས་ལེན་བྱས་པ་བརྒྱུད་མེ་སྐྱོན་ལས་ཐར་བའི་བྱ་ཐབས་ཁོང་དུ་ཆུད་ཐུབ་པར་བྱུང་ཡོད།
སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་སྡེ་ཁུལ་གྱི་གྲོང་མི་སྐལ་བཟང་ཤེས་རབ་ཀྱིས་ད་ཐེངས་ཀྱི་བྱེད་སྒོ་དེ་ཧ་ཅང་ཡག་པོ་སྤེལ་འདུག ནང་དོན་ཕུན་སུམ་ཚོགས་ལ་ང་ཚོའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པས་ང་ཚོའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་པར་མ་ཟད། ད་དུང་ང་ཚོས་སྤྱོད་གོ་ཆོད་པའི་བདེ་འཇགས་ཀྱི་ཤེས་བྱ་དང་རྩལ་ནུས་མང་པོ་ཞིག་ཀྱང་ཤེས་བྱུང་། ངས་ཤེས་བྱ་དེ་དག་རང་ཉིད་ཀྱི་རྒྱུན་གཏན་གྱི་འཚོ་བའི་ཁྲོད་བེད་སྤྱོད་ཐུབ་པར་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་སེམས་ལ་བརྟན་པོར་ངེས་རྒྱུ་ཡིན་ཞེས་བཤད།
དེ་རྗེས་ལས་དོན་པས་དྲིལ་བསྒྲགས་ཀྱི་བརྡ་ཁྱབ་སྦྱར་བ་དང་། དྲིལ་བསྒྲགས་ཀྱི་དཔྱད་ཡིག་སྤྲོད་པ། ཡུལ་དངོས་སུ་དྲི་བར་ལན་འདེབས་པ་སོགས་ཀྱི་རྣམ་པ་བརྒྱུད་བྱེད་སྒོའི་ཁྲོད་ཞུགས་མཁན་ལ་བདེ་འཇགས་ཀྱི་ཤེས་བྱ་དང་བཅའ་ཁྲིམས་ཁྲིམས་སྲོལ་སྣ་ཚོགས་ཁྱབ་གདལ་དུ་བཏང་བ་དང་།ཁོང་ཚོའི་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་དང་རང་ངོས་སྲུང་སྐྱོང་གི་ནུས་པ་སྔར་བས་ཆེ་རུ་ཕྱིན་ནས་མི་ཚང་མས་བདེ་འཇགས་ལ་དོ་ཁུར་དང་མི་ཚང་མ་བདེ་འཇགས་ལས་དོན་ཁྲོད་ཞུགས་པའི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད། ད་ཐེངས་ཀྱི་བྱེད་སྒོའི་ཁྲོད་ཁྱོན་རིགས་ཁག་གི་དྲིལ་བསྒྲགས་དཔྱད་ཡིག་དེབ་1000ལྷག་ཙམ་དང་དྲིལ་བསྒྲགས་དངོས་རྫས་2000ལྷག་ཙམ་སྤྲད་ཡོད་པ་རེད།
སྟོད་ལུང་བདེ་ཆེན་ཆུས་འཕྲལ་སྡོམ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁྲེན་ལེང་གིས་ཕྱིས་འབྱུང་ཅུས་དེས་ད་ཐེངས་ཀྱི་ཐོན་སྐྱེད་བདེ་འཇགས་ཟླ་བའི་བྱེད་སྒོ་གོ་སྐབས་སུ་བྱས་ནས་འགན་འཁྲི་དོན་འཁྱོལ་སྔར་བས་དམ་དུ་གཏོང་རྒྱུ་དང་། ཐོན་སྐྱེད་བདེ་འཇགས་ཟླ་བའི་བྱེད་སྒོ་མུ་མཐུད་སྤེལ་ནས་བྱེད་ཐབས་མང་པོ་མཉམ་སྤྱོད་དང་། དྲིལ་བསྒྲགས་སློབ་གསོ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་བཅོས་སྒྲིག་བྱ་རྒྱུ་ཟུང་འབྲེལ་བྱས་ཏེ།རྒྱ་ཆེའི་མང་ཚོགས་ཀྱི་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་དང་བདེ་འཇགས་ཀྱི་བྱང་ཚད་ཟབ་ཏུ་བཏང་ནས་བདེ་འཇགས་ཀྱི་རྣམ་པ་ལེགས་པོ་ཞིག་བཏོད་ཐོག་ཐོན་སྐྱེད་བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་ལེགས་སུ་འགྲོ་རྒྱུར་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社