ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ས་ཁང་བདག་ཁོངས་ལས་རིགས་ནི་གྲོང་ཁྱེར་གྱི་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་།འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་རྒྱུ།ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་གྱི་ཡོད། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་དཔལ་འབྱོར་ལ་སྐུལ་འདེད་དང་།དམངས་འཚོར་ཕན་པ།ཁེ་ལས་ལ་རོགས་རམ་བཅས་བྱེད་པའི་སྲིད་ཇུས་8དང་ལེན་ཧུར་ཐག་བྱ་ཆེད། ཟླ་6ཚེས་18ཉིན་ལྷ་ས་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས་དང་།ཁྲེང་ཀོན་ཆུས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་2024ལོའི་ལྷ་ས་གྲོང་ཁྱེར་གྱི་ས་ཁང་བདག་ཁོངས་འགྲེམས་འཚོང་གི་འདུ་ཚོགས་དེ་ཁྲེང་ཀོན་ཝན་ཏ་ཐང་ཆེན་དུ་གཉེར་བ་རེད།
ད་ཐེངས་ཀྱི་འགྲེམས་འཚོང་འདུ་ཚོགས་ཀྱི་དུས་ཡུན་ནི་ཉིན་གསུམ་ཡིན་ཞིང་། ལྷ་སར་བདེ་སྡོད་དང་དམངས་ལ་ཕན་པའི་ཁང་པ་ཉོ་བ་གཙོ་དོན་དུ་བྱས་ནས་སྲིད་གཞུང་གིས་སྟེགས་བུ་སྐྲུན་པ་དང་། ཁེ་ལས་ཀྱིས་བྱ་སྤྱོད་སྤེལ་བ།དམངས་ལ་ཕན་པ་བཅས་ཀྱི་བྱ་ཐབས་བརྒྱུད་གྲོང་མིར་སྡོད་ཁང་མཁོ་སྤྲོད་སྤེལ་རེས་ཀྱི་སྟེགས་བུ་བསྐྲུན་ནས་གྲོང་ཁྱེར་གྱི་ས་ཁང་བདག་ཁོངས་ཁྲོམ་རའི་གཙོ་གཟུགས་ཀྱི་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་པ་དང་སྡོད་ཁང་འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་ཐུབ་པར་བྱུང་ཡོད། འགྲེམས་འཚོང་འདུ་ཚོགས་ཐོག་ས་ཁང་བདག་ཁོངས་ཁེ་ལས་ཁག་གིས་བློ་འདྲིའི་སྟེགས་བུ་བཙུགས་ནས་སྤུས་ལེགས་ཁང་པ་འགྲེམས་སྟོན་བྱས་པ་དང་དམིགས་བསལ་གོང་ཁེའི་ཁང་པ་དང་ཚད་བརྒལ་ཕབ་བཅོག་སོགས་གཟིགས་སྐྱོང་བྱ་ཐབས་རབ་དང་རིམ་པ་བཏོན་ནས་གྲོང་མིའི་སྣ་མང་ཅན་གྱི་དགོས་མཁོ་སྐོང་གི་ཡོད་པ་རེད། འགྲེམས་སྟོན་ནང་ཞུགས་མཁན་ཁང་པའི་ཁེ་ལས་ཀྱིས་མཁོ་འདོན་བྱས་པའི་སྤུས་ལེགས་ཁང་པ་དང་རང་གྲོང་གིས་གསར་དུ་བཏོན་པའི་ཁང་པ་ཉོ་བའི་ཁ་གསབ་གཟིགས་སྐྱོང་སྲིད་ཇུས་ལས་གྲོང་མི་མང་པོ་ཞིག་བློ་འདྲི་དང་ཉོ་སྒྲུབ་བྱེད་པར་ཡོང་ནས་ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཆ་དོད་པོ་ཡོད། གྲོང་མི་ཚོས་འགྲེམས་སྟོན་ཁུལ་ཁག་གི་དབར་བསྐྱོད་ནས་ལྟ་བའམ་ཡང་ན་བློ་འདྲི་དང་གླེང་མོལ་བྱས་ཏེ་རང་ཉིད་ཀྱི་བློ་ལ་བབ་པའི་ཁང་པ་འཚོལ་བཞིན་ཡོད། གྲོང་མི་ལུའུ་ཆེ་གེ་མོས་ངས་ཁང་པའི་དྲིལ་བསྒྲགས་ཤོག་ལེར་བལྟས་པ་ཡིན། གྲོང་ཁྱེར་ཆེ་གྲས་གཞན་དང་བསྡུར་ན་ལྷ་སའི་ཁང་པའི་རིན་གོང་དེ་ཙམ་མཐོ་པོ་མེད་ཅེས་དང་། ཁོང་གིས་འགྲེམས་འཚོང་འདུ་ཚོགས་ཐོག་གི་ཁང་པ་ཚང་མ་ཡག་པོ་ཡོད་པར་མ་ཟད། ཕབ་ཆ་ཆེ་བ་དང་ཞབས་ཞུ་ཡང་ཧ་ཅང་ཡག་པོ་འདུག་ཅེས་བཤད།
འགྲེམས་སྟོན་ནང་ཞུགས་མཁན་ཁེ་ལས་བོད་ལྗོངས་གྲོང་ཁྱེར་ས་ཁང་ལས་རིགས་ཚོགས་པ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཀྲང་ཧུང་མའེ་ཡིས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་མ་འཇོག་ཀུང་སིས་ད་ཐེངས་ཀྱི་འགྲེམས་འཚོང་ལ་རྣམ་གྲངས་21དང་ཆེད་བཅག་རིན་གོང་གི་ཁང་ཁུངས་300མཁོ་འདོན་བྱས་པ་དེ་དག་གྲོང་ཤར་ཁུལ་དང་།དོན་གྲུབ་དངུལ་རྩའི་གྲོང་། སྟོད་ལུང་གྲོང་གསར་ཁུལ་བཅས་སུ་གནས་པ་དང་དུས་མཚུངས་ང་ཚོས་ཀྱང་ས་ཁང་བདག་ཁོངས་ཁེ་ལས་མང་པོ་ཞིག་འགྲེམས་སྟོན་ནང་གདན་དྲངས་ནས་རྒྱ་ཆེའི་གྲོགས་པོ་ཚོར་ས་ཁང་བདག་ཁོངས་སྲིད་ཇུས་སྔར་བས་ཤེས་རྟོགས་དང་རྣམ་གྲངས་སྤུས་ལེགས་འདེམས་རྒྱུའི་སྟེགས་བུ་མཁོ་འདོན་བྱས་ཡོད་ཅེས་བཤད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社