分享按钮

རང་གྲོང་གི་བོད་ལྗོངས་དམའ་རིམ་སློབ་འབྲིང་འཛིན་གྲྭའི(སློབ་གྲྭ)སློབ་མ་བསྡུ་བའི་གཅིག་གྱུར་རྒྱུགས་ལེན་མཇུག་འགྲིལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་17ཉིན་གྱི་ཕྱི་དྲོའི་ཆུ་ཚོད་5པར་ཡིག་རྒྱུགས་མཇུག་འགྲིལ་བའི་དྲིལ་བརྡ་གྲགས་པ་དང་བསྟུན་ནས་ལྷ་ས་གྲོང་ཁྱེར་གྱི་2024ལོའི་བོད་ལྗོངས་དམའ་རིམ་སློབ་འབྲིང་འཛིན་གྲྭའི(སློབ་གྲྭ)སློབ་བསྡུའི་ལྗོངས་ཡོངས་ཀྱི་གཅིག་གྱུར་རྒྱུགས་ལེན་བདེ་བླག་ངང་མཇུག་འགྲིལ་བ་རེད།

ལྷ་ས་གྲོང་ཁྱེར་སློབ་འབྲིང་དང་པོ་དང་སློབ་འབྲིང་བརྒྱད་པའི་རྒྱུགས་ལེན་ས་ཚིགས་ཀྱི་སྒོ་འགྲམ་དུ་ཁྱིམ་བདག་ཚོས་ཕྲུ་གུ་རྒྱུགས་ར་ནས་ཐོན་མ་ཐག་ལག་ཏུ་བཟུང་བའི་མེ་ཏོག་སྤྲད་ནས་སྨོན་འདུན་ཞུས་ཡོད། རྒྱུགས་ལེན་མཇུག་འགྲིལ་རྗེས་ཁྱིམ་བདག་ལ་ལས་ཕྲུ་གུ་ལ་འཐམ་ནས་མེ་ཏོག་སྤྲོད་པ་དང་། ཁྱིམ་བདག་ལ་ལས་ཡིག་རྒྱུགས་ཀྱི་གནས་ཚུལ་ལ་དོ་ཁུར་བྱེད་བཞིན་ཡོད། ལྷ་ཀླུ་སློབ་ཆུང་ལོ་རིམ་དྲུག་པའི་འཛིན་གྲྭ་གཉིས་པའི་སློབ་མ་ཀུན་དགའ་ཚེ་རིང་གིས་ཐེངས་དེའི་ཡིག་རྒྱུགས་ཡག་པོ་བྱུང་བས་དགེ་རྒན་དང་ཕ་མའི་རེ་བ་སྟོང་ཟད་དུ་མི་འགྲོ་བའི་རེ་བ་ཡོད་ཅེས་བཤད།

ཉིན་དེའི་ཕྱི་དྲོའི་ཆུ་ཚོད་2དང་སྐར་མ་40ཡི་ཐོག་གསར་འགོད་པས་ལྷ་ས་གྲོང་ཁྱེར་སློབ་འབྲིང་དང་པོའི་རྒྱུགས་ལེན་ས་ཚིགས་ཀྱི་སྒོ་འགྲམ་ནས་སྐྱིད་རས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་སྣེ་ཁྲིད་མཁན་དགེ་རྒན་ལ་རྒྱུགས་སྤྲོད་སློབ་མ་གོ་རིམ་ལྡན་པའི་ངང་རྒྱུགས་རར་སྐྱོད་དགོས་པའི་དྲན་སྐུལ་བྱེད་བཞིན་ཡོད་པ་མཐོང་བྱུང་།དུས་ཡུན་ཉིན་གཉིས་ཀྱི་རྒྱུགས་ལེན་ནང་རང་གྲོང་གི་སློབ་གསོ་དང་། སྤྱི་བདེ།མེ་ཟོན་སོགས་སྡེ་ཚན་གྱིས་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་པ་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་སེམས་ཤུགས་གཅིག་སྒྲིལ་དང་ཐུན་མོང་ཐོག་འགན་ལེན་བྱས་པས་བདེ་བླག་ངང་རྒྱུགས་ལེན་དང་། རྒྱུགས་ལེན་བདེ་འཇགས་ལྡན་པ། རྒྱུགས་ལེན་དྲང་གཞག་ཡིན་པ་བཅས་ཀྱི་ལས་ཀའི་དམིགས་ཚད་མངོན་འགྱུར་བྱུང་ཡོད།ལྷ་ས་གྲོང་ཁྱེར་སློབ་འབྲིང་དང་པོའི་རྒྱུགས་ལེན་ས་ཚིགས་ཀྱི་རྒྱུགས་སྤྲོད་སློབ་མ་ལུའུ་ཅིན་ཞིས་ད་ཐེངས་ཀྱི་རྒྱུགས་ལེན་དེ་རང་ལྗོངས་ཀྱི་ཕྲུ་གུ་ཚོའི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན།སློབ་གྲྭ་དང་དགེ་རྒན་གྱིས་ཕྲུ་གུ་ཚོར་གསོ་སྐྱོང་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་རྒྱུགས་སྤྲོད་སློབ་མ་ཚང་མ་རང་ཉིད་དགའ་པོ་ཡོད་པའི་སློབ་གྲྭར་ཚུད་རྒྱུའི་རེ་བ་ཡོད་ཅེས་བཤད།

སླད་ཕྱིན་རང་གྲོང་གིས་རང་སྐྱོང་ལྗོངས་ཀྱི་ཁྱོན་ཡོངས་ཀྱི་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་རྒྱུགས་ཤོག་ལ་བཅོས་རྒྱག་པ་དང་། སྦྱངས་འབྲས་བསྐྱར་བཤེར་དང་ཁྱབ་བསྒྲགས། ཆབ་སྲིད་ཞིབ་བཤེར་དང་གཟུགས་པོར་བརྟག་དཔྱད་བྱེད་པའི་ཚད་གཞི། སློབ་བསྡུ་སོགས་ཀྱི་ལྷུ་ཚིགས་ཀྱི་ལས་དོན་སྔར་བས་ཡག་པོ་བསྒྲུབས་ནས་རང་གྲོང་གི་བོད་ལྗོངས་དམའ་རིམ་སློབ་འབྲིང་འཛིན་གྲྭའི(སློབ་གྲྭ)སློབ་བསྡུའི་ཡིག་རྒྱུགས་ཀྱི་ལས་དོན་ཁག་བདེ་འཇགས་དང་བརྟན་ལྷིང་།དྲང་གཞག་བཅས་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-20 6 6 拉萨日报藏文 c182973.html 1 རང་གྲོང་གི་བོད་ལྗོངས་དམའ་རིམ་སློབ་འབྲིང་འཛིན་གྲྭའི(སློབ་གྲྭ)སློབ་མ་བསྡུ་བའི་གཅིག་གྱུར་རྒྱུགས་ལེན་མཇུག་འགྲིལ་བ། /enpproperty-->