ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དྲ་མིག་གི་ཞབས་ཞུ་ཤེས་རྟོགས་དང་། བློ་ཡིད་ཚིམ་ཚད་མཐོ་རུ་ཏན་ཏིག་གཏོང་བ། མང་ཚོགས་ཀྱི་རེ་འདུན་དང་སེམས་འདུན་མཚོན་པའི་ཐབས་ལམ་ཤར་གཏོང་བྱས་ཏེ་གཞི་རིམ་བཅོས་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཅས་གཏོང་ཆེད། ཉེ་ཆར་ཁྲེང་ཀོན་ཆུས་བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་གི་བདུན་གཅིག་སྡེ་ཁུལ་གྱིས་ཐོབ་ཐང་དང་། འགན་འཁྲི། ཁས་ལེན་བཅས་མངོན་པར་བྱས་ཏེ་དོན་དག་ཡོད་ཚེ་དྲ་མིག་པ་འཚོལ་རྒྱུ་དང་དཀའ་ངལ་ཡོད་ཚེ་སྡེ་ཁུལ་གྱི་དྲིལ་བསྒྲགས་བྱེད་སྒོ་བཙལ་ནས་དྲ་མིག་པ་དང་སྡེ་ཁུལ་གྱི་གྲོང་མིའི་དབར་གྱི་འབྲེལ་ཟམ་དེ་བས་ལེགས་པར་བསྐྲུན་ཡོད།
བྱེད་སྒོ་སྤེལ་བའི་ཉིན་དེར་བདུན་གཅིག་སྡེ་ཁུལ་གྱི་དྲ་མིག་པ་ཚོས་ཉི་འོད་ཁྱིམ་གཞིས་ཁུལ་ཆུང་དུ་དྲིལ་བསྒྲགས་ས་ཚིགས་བཙུགས་ནས་ཁུལ་ཆུང་དུ་དྲ་མིག་ཅན་གྱི་འབྲེལ་གཏུག་གཱ་ཡི་བྱང་བུ་སྦྱར་ཏེ་འགྲོ་འོང་བྱེད་མཁན་གྲོང་མི་མང་ཚོགས་ལ་འབྲེལ་གཏུག་གཱ་སྤྲད་པ་དང་། གཱ་ཡི་སྟེང་དུ་སྡེ་ཁུལ་གྱི་འགན་འཁུར་བ་གཙོ་བོ་དང་དྲ་མིག་ཅན་གྱི་འགན་འཁུར་བའི་འདྲ་པར་བཀོད་ཡོད་ཅིང་། ཁོང་ཚོའི་མིང་དང་། ལས་གནས། འབྲེལ་གཏུག་ཨང་གྲངས་བཅས་གསལ་པོར་བཀོད་ཡོད་ལ། གྲོང་མི་ཚོར་འབྲེལ་ཡོད་དྲིལ་བསྒྲགས་ཡིག་ཆ་སྤྲད་པ་དང་འབྲེལ་རང་འགུལ་ངང་ཁོངས་གཏོགས་ཁུལ་གྱི་གྲོང་མིའི་བློ་འདྲི་དང་ལྟ་སྐུལ་དང་ལེན་ཡང་བྱས་པ་རེད། དེ་དང་ཆབས་ཅིག་དྲ་མིག་པ་ཚོས་ཀྱང་ཐོབ་ཐང་མངོན་པར་བྱས་ནས་ཁྱིམ་ཚང་གི་སྒོ་རྩར་སྐྱོད་པའི་བྱ་སྤྱོད་སྤེལ་ནས་གྲོང་མིའི་ཁྱིམ་དུ་བསྐྱོད་དེ་ཁོང་ཚོ་དང་འབྲེལ་འདྲིས་བྱས་ཏེ་ཁྱིམ་ཚང་གི་འཚོ་བའི་གནས་ཚུལ་ཤེས་རྟོགས་དང་ཁོང་ཚོའི་སེམས་གཏམ་ལ་ངང་རྒྱུད་རིང་པོའི་སྒོ་ནས་ཉན་ཏེ་མཐུན་སྦྱོར་ཐག་གཅོད་བྱེད་དགོས་པའི་གནད་དོན་འདྲི་རྩད་ཧུར་ཐག་བྱས་པ་རེད།
ཐེངས་འདིའི་བྱེད་སྒོ་བརྒྱུད་གྲོང་མི་ཚོས་དྲ་མིག་པ་སུ་ཡིན་པ་དང་། དོན་དག་ཡོད་ཚེ་སུ་འཚོལ་དགོས་པ་ཤེས་རྟོགས་བྱུང་བ་དང་དྲ་མིག་ཅན་གྱི་དོ་དམ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བར“བར་ཐག་མེད་པར”སྐུལ་འདེད་བཏང་ཡོད། བདུན་གཅིག་སྡེ་ཁུལ་གྱི་གྲོང་མི་དབྱངས་ཅན་ལྷ་མོས་ངའི་བསམ་པར་བྱེད་སྒོ་དེ་རིགས་ཧ་ཅང་ཡག་པོ་འདུག འབྲེལ་གཏུག་གཱ་ཡོད་ཚེ་ང་ཚོས་སྡེ་ཁུལ་གྱི་འབྲེལ་ཡོད་མི་སྣ་དང་འབྲེལ་གཏུག་བྱེད་ཐུབ་ལ་འཚོ་བའི་ཁྲོད་ཀྱི་གནད་དོན་མགྱོགས་མྱུར་ཐག་གཅོད་ཐུབ་པ་དང་། དྲ་མིག་པས་དམངས་ཀྱི་སེམས་ཁྲལ་སེལ་བའི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ་ང་ཚོ་མང་ཚོགས་ལ་དེ་བས་ནུས་ཆེ་དང་། སྤུས་ལེགས། སྟབས་བདེ་བཅས་ཀྱི་ཞབས་ཞུ་བསྒྲུབས་ནས་དྲ་མིག་ཆུང་ཆུང་གིས་དམངས་འཚོ་ཆེན་མོར་ཞབས་ཞུ་བསྒྲུབ་ཐུབ་ཅེས་བཤད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཁྲེང་ཀོན་ཆུས་བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་བདུན་གཅིག་སྡེ་ཁུལ་དུ་ལས་དོན་མི་སྣ་24ཡོད་པ་དང་། དྲ་མིག་པ་22 དུད་སྦྲེལ་འཐུས་མི་106 རྒྱུན་སྡོད་དུད་ཁྱིམ་1991དང་མི་གྲངས་3602ཡོད། སྡེ་ཁུལ་དེས་ཁོངས་གཏོགས་ཁུལ་ཡོངས་ལ་དྲ་མིག་འབྲེལ་གཏུག་གཱ་སྤྲད་པ་དང་ཐོབ་ཐང་མངོན་པར་བྱེད་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་དྲ་མིག་གི་སྟོབས་ཤུགས་སྔར་བས་བསྡུ་སྒྲིལ་དང་། ལས་གནས་ཀྱི་འགན་འཁྲིར་དམ་འཛིན་བྱེད་པ། ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཚོགས་སྤྱི་དང་ཞབས་ཞུ་སྒྲུབ་ཡུལ་མི་འདྲ་བར་དམིགས་ནས་རང་གཤིས་ཅན་གྱི་སྙིང་ཉེའི་ཞབས་ཞུ་བསྒྲུབས་ཡོད།
བདུན་གཅིག་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡི་ཧྲུའུ་ཅི་དང་པོ་བསོད་ནམས་སྒྲོལ་དཀར་གྱིས་སླད་ཕྱིན་ང་ཚོའི་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྡེ་ཁུལ་བཅོས་སྐྱོང་ལ་སྣེ་ཁྲིད་དང་།ཆུང་ངུ་ལྔའི་ལས་དོན་སྒྲུབ་སྟངས་བརྟན་དུ་བཏང་སྟེ་དོན་དག་ཡོད་ཚེ་དྲ་མིག་པ་འཚོལ་བ་དང་དཀའ་ངལ་ཡོད་ཚེ་སྡེ་ཁུལ་གྱི་བྱེད་ཐབས་འཚོལ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གཞི་རིམ་ལས་དོན་གྱི་བསམ་ཕྱོགས་གསར་པ་དང་ཐབས་ལམ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་པ། ཞབས་ཞུའི་ཁྱབ་རྒྱ་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་ཡིན། སྡེ་ཁུལ་གྱི་གྲོང་མིར་ཞབས་ཞུ་ནན་ཏན་ཞུ་བ་དང་། དོན་དག་ཚང་མར་ལན་ཡོད་པ། དོན་དག་ཚང་མ་དོན་འཁྱོལ་ཐུབ་པ་བཅས་བྱས་ནས་གཞི་རིམ་བཅོས་སྐྱོང་གི་ནུས་པ་དང་ཞབས་ཞུའི་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社